ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འོས་སྦྱོར་ལེ་ཚན།

▶ཀྲུང་གོས་གཅིག་གྱུར་གྱི་དོན་ཆེན་འདི་ལྟར་བསྒྲུབས་འདུག

2019-10-06 15:05:00     责编:sangjzm

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ70འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུ་ཆེད། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་ལེའུ24ཡོད་པའི་ཚད་ལྡན་ཡིག་ཆའི་ཆེད་སྒྲིག་ལེ་ཚན་ཆེ་གྲས་ང་ཚོ་ལམ་ཆེན་ཐོག་ཏུ་བསྐྱོད་ཅེས་པ་སྒྲིག་བཟོ་བྱས་ཡོད། དེ་རིང་ལེའུ་བཅུ་གཅིག་པ་གཅིག་གྱུར་གྱི་དོན་ཆེན་ཞེས་པ་དེ་སྟོན་རྒྱུ་ཡིན།

སྤྱི་ལོ1982ལོའི་ཟླ9པར། འགན་བཞེས་མ་ཐག་པའི་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ལྷ་ལྕམ་ས་ཆེར་གྱིས་ཀྲུང་གོར་འཚམས་འདྲི་གནང་བ་དང་། ཀྲུང་གོ་དང་དབྱིན་ཇི་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་ནས་ཤང་ཀང་གནད་དོན་སྐོར་གྱི་དབྱེ་འབྱེད་གྲོས་མོལ་དངོས་སུ་བྱེད་འགོ་ཚུགས་ཡོད། ཏེང་ཞའོ་ཕིན་དང་གྲོས་མོལ་གནང་སྐབས། མཁྲེགས་བཟུང་ཅན་གྱི་ལྷ་ལྕམ་བརྗོད་པའི་ས་ཆེར་གྱིས། སྔ་དུས་དབྱིན་ཇི་དང་ཆིང་རྒྱལ་རབས་སྲིད་གཞུང་བར་བཞག་པའི་འདྲ་མཉམ་མིན་པའི་ཆིངས་ཡིག་གསུམ་མུ་མཐུད་ནུས་ལྡན་ཡིན་དགོས་པ་མཐའ་འཁྱོངས་བྱས་པ་མ་ཟད། བདག་དབང་དང་སྐྱོང་དབང་བརྗེ་བའི་ཇུས་གཞི་བཏོན་ནས་མུ་མཐུད་དབྱིན་ཇིས་ཤང་ཀང་བདག་སྐྱོང་བྱེད་རྒྱུ་རང་འཇགས་སུ་འཇོག་རྩིས་བྱས་ཡོད། ཏེང་ཞའོ་ཕིན་གྱིས། དབྱེ་འབྱེད་གྲོས་མོལ་བྱེད་པའི་གྲོས་དོན་གཅིག་རང་ཡིན་པ་སྟེ་བདག་ཁོངས་ཀྱི་གནད་དོན་དེ་ཡིན། གལ་ཏེ་ང་ཚོས་གྲོས་མོལ་རྩ་བ་ནས་བྱེད་མ་ཐུབ་ཚེ། ཀྲུང་གོས་ཤང་ཀང་བསྡུ་ལེན་བྱེད་པའི་དུས་ཚོད་དང་རྣམ་པར་བསམ་བློ་གཏོང་རྒྱུ་ཡིན་ཞེས་གསུངས།

ཏེང་ཞའོ་ཕིན་གྱི་བཀའ་མོལ་ཐོག་ནས་ཀྲུང་གོའི་གུང་ཁྲན་ཏང་དང་ཀྲུང་གོའི་སྲིད་གཞུང་གི་རྩ་དོན་ལངས་ཕྱོགས་དང་ཆོད་སེམས་བརྟན་པོ་གསལ་པོ་བསྟན་གནང་ཡོད་པས། ལྷ་ལྕམ་ས་ཆེར་གྱི་འདྲ་མཉམ་མིན་པའི་ཆིངས་ཡིག་ཅིག་གིས་འདྲ་མཉམ་མེད་པའི་ཆིངས་ཡིག་གསུམ་གྱི་ཚབ་བྱེད་བསམ་པའི་སྟོང་བསམ་མེད་པར་བཟོས་ཡོད།

སྤྱི་ལོ1997ལོའི་ཟླ6ཚེས30ཉིནགྱི་ཕྱི་དྲོ་ནས་བཟུང་། ཤང་ཀང་ཡོངས་སུ་འབྲུག་ཆར་ཆེན་པོ་བབ་ཅིང་། ཤང་ཀང་གིས་རྣམ་པ་དེ་འདྲ་ཞིག་ཐོག་ནས། ལོ་ངོ150ལྷག་ཙམ་གྱི་བརྙས་བཅོས་ཐུབ་ཚོད་མྱངས་པའི་ལོ་རྒྱུས་གཙང་ཁྲུས་བྱས་པ་དང་།ལོ་རྒྱུས་དུས་འཚམས་གསར་པར་བསུ་བ་ཞུ་རྒྱུའི་གྲ་སྒྲིག་བྱས་ཡོད།


སྤྱི་ལོ1997ལོའི་ཟླ6ཚེས30ཉིན་གྱི་ནམ་ཕྱེད་ནས་སྤྱི་ཟླ7ཚེས1ཉིན་གྱི་ཐོ་རེངས་བར། ཀྲུང་གོ་དང་དབྱིན་ཇི་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་གིས་ཤང་ཀང་རྩིས་སྤྲོད་ལེན་གྱི་མཛད་སྒོ་གཉེར་ཡོད། སྤྱི་ཟླ7ཚེས1ཉིན་གྱི་ཆུ་ཚོད་ཀླད་ཀོར་ཐོག་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་ཁུལ་དར་དལ་བུར་བསྒྲེངས་ཡོད།

ཤང་ཀང་ཁྱིམ་དུ་ལོག་ཡོད། ལོ་ངོ150ལྷག་གི་ལོ་ཟླའི་འགྱུར་བ་ཇི་སྙེད་ཅིག་རྒྱུད་ཅིང་། མི་རིགས་ཀྱི་ལོ་བརྒྱའི་བརྙས་བཅོས་ཐུབ་ཚོད་མྱངས་པ་གཙང་དག་བཟོས་ནས། ཤང་ཀང་དེ་མཐར་ཐུག་མ་ཡུམ་མེས་རྒྱལ་གྱི་པང་དུ་ལོག་ཡོད།

ཤང་ཀང་མེས་རྒྱལ་གྱི་པང་དུ་ལོག་པའི་འཕེལ་རིམ་འགོ་ཚུགས་རྗེས། ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་རྒྱུ་དེ་ཡང་དབྱེ་འབྱེད་གྲོས་མོལ་བྱ་རྒྱུའི་གྲོས་རིམ་ཐོག་འཇོག་འགོ་ཚུགས་ཡོད།

སྤྱི་ལོ1987ལོའིཟླ4ཚེས13ཉིན། ཀྲུང་གོ་དང་ཕོ་ཐེའུ་ཀལ་གྱི་མཉམ་འབྲེལ་གསལ་བསྒྲགས་ལ་དངོས་སུ་མིང་རྟགས་བཀོད་ནས། ཀྲུང་གོའི་སྲིད་གཞུང་གིས་སྤྱི་ལོ1999ལོའི་ཟླ12ཚེས20ཉིན་ཨའོ་མོན་གྱི་བདག་དབང་སླར་གསོ་བྱ་རྒྱུའི་ཁྱབ་བསྒྲགས་བྱས་ཡོད།

སྤྱི་ལོ1999ལོའི་ཟླ12ཚེས19ཉིན་གྱི་ནམ་ཕྱེད་ནས་སྤྱི་ཚེས20ཉིན་གྱི་ཆུ་ཚོད་ཀླད་ཀོར་ཐོག་འཛམ་གླིང་ཡོངས་ཀྱིས་དོ་སྣང་ཆེན་པོ་བྱེད་པའི་ཀྲུང་གོ་དང་ཕོ་ཐེའུ་ཀལ་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་གིས་ཨའོ་མོན་གྱི་སྲིད་དབང་རྩིས་སྤྲོད་ལེན་བྱེད་པའི་མཛད་སྒོ་དེ་ཨའོ་མོན་རིག་གནས་ལྟེ་གནས་ཀྱི་མེ་ཏོག་ལྡུམ་ར་ཁང་དུ་གཟབ་རྒྱས་ངང་འཚོགས་ཡོད།

འཛམ་གླིང་ཀུན་གྱི་མིག་རྒྱང་སླར་ཡང་ཀྲུང་གོའི་ཐོག་ཏུ་གཅིག་སྡུད་བྱས་ཡོད།

དུས་རབས་གསར་པའི་ཅོང་སྒྲ་རྡུང་ལ་ཉེ་བའི་སྐབས་སུ། ཨའོ་མོན་ཡང་མེས་རྒྱལ་གྱི་པང་དུ་ལོག་ཡོད།

མེས་རྒྱལ་གྱི་པང་དུ་ལོག་རྗེས། ཀྲུང་དབྱང་སྲིད་གཞུང་གིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་དང་། ཤང་ཀང་བས་ཤང་ཀང་བདག་སྐྱོང་། ཨའོ་མོན་བས་ཨའོ་མོན་བདག་སྐྱོང་། ཚད་མཐོའི་རང་སྐྱོང་བཅས་ཀྱི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་པ་དང་། རྩ་ཁྲིམས་དང་དམིགས་བསལ་སྲིད་འཛིན་ཁུལ་གྱི་གཞི་རྩའི་བཅའ་ཁྲིམས་ལ་ནན་པོར་གཞིགས་ནས་ལས་སྒྲུབ་བྱས་ཡོད།

མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་ངོ20ལྷག་ཙམ་སོང་རིང་། ཤང་ཀང་ལ་རྒྱལ་སྤྱིའི་རིམ་པ་དཔྱད་བསྡུར་ལས་ཁུངས་ཀྱིས་ཚད་མཐོའི་གདེང་འཇོག་ཐེངས་མང་བྱས་ཡོད་པ་དང་། ལོ་མང་བསྟུད་མར་འཛམ་གླིང་ཧྲིལ་པོའི་འགྲན་རྩོད་ནུས་པ་ཆེ་ཤོས་ལྡན་པའི་དཔལ་འབྱོར་མ་ལག་གི་གྲས་སུ་དཔྱད་འདེམས་བྱས་ཡོད།

ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ཚུན་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་འཕར་སྣོན་འགྲོ་མགྱོགས་ཤོས་ཀྱི་ས་ཁུལ་ཞིག་ཡིན་པ་དང་། ཆ་སྙོམས་མི་རེའི་རྒྱལ་ནང་ཐོན་སྐྱེད་ཀྱི་སྤྱིའི་རིན་ཐང་མེལ་རྒྱལ་གྱི་པང་དུ་ལོག་སྐབས་ཀྱི་ཨ་སྒོར་ཁྲི1དང6སྟོང་ཡིན་པ་ནས་སྤྱི་ལོ2018ལོར་ཨ་སྒོར་ཁྲི8དང3སྟོང་བར་འཕར་སྣོན་བྱུང་ནས། འཛམ་གླིང་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་དང་། སྤྱི་ཚོགས་བདེ་འཇགས་གནས་ཚུལ་རྩ་བའི་རང་བཞིན་གྱི་ལེགས་འགྱུར་བྱུང་ཡོད།

ཐའེ་ཝན་གྱི་གནད་དོན་ཐག་གཅོད་བྱ་རྒྱུ་དང་། མེས་རྒྱལ་གོང་བུ་གཅིག་གྱུར་ཡོང་བ་བྱ་རྒྱུ་ནི་ཀྲུང་ཧྭའི་བུ་ཕྲུག་གི་ཐུན་མོང་གི་བསམ་འདུན་ཡིན་ལ། ཀྲུང་ཧྭ་མི་རིགས་ཀྱི་རྩ་བའི་ཁེ་ཕན་ཡང་ཡིན། སྤྱི་ལོ1987ལོའི་ཟླ11པར། གཉེན་ཉེ་ཐུག་འཕྲད་བྱེད་མཁན་ཐའེ་ཝན་སྤུན་ཟླ་ཁག་དང་པོ་ཤང་ཀང་བརྒྱུད་སྐམ་ས་ཆེན་མོར་འབྱོར་ནས། མཚོ་འགག་གཡས་གཡོན་གཉིས་ཀྱི་སྤུན་ཟླ་དུས་ཡུན་ལོ་ངོ38རིང་ཁ་བྲལ་དུ་གནས་པའི་རྣམ་པ་གཏོར་བ་དང་། མཚོ་འགག་གཡས་གཡོན་གཉིས་ཀྱི་འབྲེལ་བ་ལོ་རྒྱུས་ཀྱི་དུས་མཚམས་གསར་པར་སླེབས་ཡོད།

སྤྱི་ལོ2005ལོའི་དཔྱིད་ཀར། སྐབས་དེའི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་དང་ཀྲུང་གོའི་གོ་མིན་ཏང་གི་ཀྲུའུ་ཞི་ལན་ཀྲན་རྣམ་གཉིས་ཀྱིས་པེ་ཅིང་དུ་དངོས་གཞིའི་གྲོས་མོལ་གནང་ཡོད། སྤྱི་ལོ2008ལོར། མཚོ་འགག་གཡས་གཡོན་གཉིས་བར་ཁྱོན་ཡོངས་ནས་ཐད་ཀར་ཤར་གཏོང་གསུམ་མངོན་འགྱུར་བྱུང་བ། སྤྱི་ལོ2015ལོའི་ཟླ11ཚེས7ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སིང་ཀ་ཕོར་དུ་ཐའེ་ཝན་ས་ཁུལ་གྱི་འགོ་ཁྲིད་མི་སྣ་མ་དབྱིན་ཅིའུ་དང་ཐུག་འཕྲད་གནང་བ་ནི། མཚོ་འགག་གཡས་གཡོན་གཉིས་པོའི་འབྲེལ་བའི་གོང་འཕེལ་བརྒྱུད་རིམ་ཁྲོད་ཀྱི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་ཡིན།

མཚོ་རླབས་རྒྱས་པས་ངོགས་གཉིས་དེ་བས་བརྗིད་ཆེར་མངོན། བསིལ་རླུང་ལྡང་བས་རླུང་གཡོར་དེ་བས་ལྷབ་ལྷུབ་གཡོ། མ་འོངས་པར་རྒྱང་ལྟ་བྱས་ཚེ། མཚོ་འགག་གཡས་གཡོན་གཉིས་ཀྱི་མི་དམངས་ཀྱིས་ལག་གདང་སྦྲེལ་ཞིང་དཔུང་པ་མཉམ་བཤིབ་ཀྱིས། སྔར་བས་མཛེས་སྡུག་ལྡན་པའི་མཚོ་འགག་གཡས་གཡོན་གཉིས་པོའི་འབྲེལ་བའི་འབྱུང་འགྱུར་གཏོད་པ་དང་། ཐུན་མོང་ཐོག་མེས་རྒྱལ་གོང་བུ་གཅིག་གྱུར་གྱི་དོན་ཆེན་མངོན་འགྱུར་ཡོང་ཆེད་ལེགས་སྐྱེས་གསར་པ་འབུལ་ངེས་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ལྟ་སྐུལ། ཚེ་དགའ།
ཞུ་དག ཚེ་དགའ།
ཡིག་སྒྱུར། བསྟན་འཛིན་དབང་རྒྱལ།

中央广播电视总台 央广网 版权所有