ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

དབྱིན་ཇིའི་ལག་དམར་བ་ཞིག་ཏོག་གསར་གློ་ཚད་ཕོག་སྟེ་ཤི་བ།

2020-11-15 14:58:00     责编:卓玛才让

     དབྱིན་ཇིའི་མིང་ངན་གང་སར་ཁྱབ་པའི་མུ་འབྲེལ་མི་གསོད་ལག་དམར་ཞིག་སྟེ། པི་ཏེ·ས་ཁེ་ལི་ཧྥུའུ་ཚེས་13ཉིན་སྨན་ཁང་དུ་ཚེ་ལས་འདས་ཡོད་ཅིང་། དབྱིན་ཇིའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བ་ལྟར་ན། ས་ཁེ་ལི་ཧྥུའུ་ལ་ཏོག་གསར་གློ་ཚད་འགོས་ན་ཡང་། སྨན་བཅོས་དང་ལེན་བྱས་མེད་པ་རེད།

      ས་ཁེ་ལི་ཧྥུའུ་ལོ་74ཡིན་ཞིང་། 1975ལོ་ནས་1980ལོའི་བར་དབྱིན་ཇིའི་ཡུའེ་ཁེ་ཅུན་སོགས་ཀྱི་ས་ཆ་རུ་ཉུང་མཐར་ཡང་བུད་མེད་13བསད་པ་དང་། དེ་དག་ཁྲོད་མང་ཆེ་བ་ནི་སྨད་འཚོང་མ་དང་ན་གཞོན་བུད་མེད་ཡིན། ཁོའི་མི་གསོད་ཐབས་གདུག་རྩུབ་ཤིན་ཏུ་ཆེ་ཞིང་། སྨྱན་སྦྱོར་བ་ཚོས་དོན་དེར་“ཡུའེ་ཁེ་ཅུན་གྱི་འདྲེ་ལག་དམར་བ་”ཞེས་བརྗོད་ཅིང་མང་ཚོགས་དེར་འཇིགས་སྐྲག་ཆེན་པོ་སྐྱེ་བཞིན་ཡོད།

     ས་ཁེ་ལི་ཧྥུའུ་1981ལོའི་ཟླ་1པོར་འཛིན་བཟུང་བྱས་ཤིང་། ལོ་དེའི་ཟླ་5པར་མི་13བསད་པ་དང་མི་7གསོད་རྩིས་བྱེད་བཞིན་པས་སྐབས་རྩད་གཅོད་བྱུང་བས་ཚེ་བཙོན་ཐེངས་20ཡི་ཁྲིམས་ཆད་བཅད་ཡོད། ཁོ་ལ་སྨྱོ་ནད་ཕོག་ཡོད་པ་བརྟག་དཔྱད་ཀྱང་བྱུང་ཡོད།

     དབྱིན་ཇིའི་ཉེན་རྟོག་པས་ལོ་དེར་དམིགས་བསལ་གྱི་མྱུལ་ཞིབ་བྱ་སྤྱོད་ཅིག་སྤེལ་ནའང་། ས་ཁེ་ལི་ཧྥུའུ་ཟིན་པའི་གོ་སྐབས་ཡང་ཡང་ཤོར་བས། ཁོར་མུ་མཐུད་དུ་ནག་ཉེས་བཟོ་བའི་གོ་སྐབས་ཐོབ་ཡོད་པ་དང་། མཐར་སྟེས་དབང་ཞིག་གིས་ཟིན་པས་དབྱིན་ཇིའི་ཉེན་རྟོག་པར་སྤྱི་ཚོགས་ཀྱི་སྐྱོན་བརྗོད་ཆེན་པོ་ཐེབས། ས་ཁེ་ལི་ཧྥུའུ་རང་གིས་ཀྱང་རང་ཉིད་དེ་འདྲའི་དུས་ཡུན་རིང་པོར་འཛིན་མ་ཐུབ་པར་ཡིད་ཆེས་བྱེད་དཀའ་བར་གྱུར་ཡོད་ལ། གཞན་ཡང་ཁོས་ཉེན་རྟོག་པས་ཁུངས་སྣེ་ཚང་མ་ཁོང་དུ་ཆུད་ཀྱང་ང་མ་ཟིན་པ་རེད་ཅེས་བརྗོད་ཡོད།

     ཉེན་རྟོག་པས་མྱུལ་ཞིབ་ཁྲོད་ས་ཁེ་ལི་ཧྥུའུ་ལ་ཐེངས་9རིང་འདྲི་རྩད་བྱས་མྱོང་ཞིང་། འདྲི་རྩད་ཐེངས་ཤིག་ཏུ་ད་དུང་ཉེན་རྟོག་པས་ས་ཁེ་ལི་ཧྥུའུ་ལ་གནོད་འཚེ་ཕོག་ཡུལ་གྱི་བེམ་པོའི་འགྲམ་དུ་ཡོད་པའི་ལག་དམར་གྱི་རྐང་རྗེས་ཤིག་བསྟན་མོད། འོན་ཀྱང་ཉེན་རྟོག་པས་སྐབས་དེར་ཁོས་གྱོན་པའི་ལྷམ་དེ་དེ་ཡིན་པ་དོ་སྣང་བྱུང་མེད།

     ཁོའི་ལག་ནས་ཐར་བའི་གནོད་འཚེ་ཕོག་ཡུལ་མ་སའེ་ལ·ཁེ་ལ་ཁེ་སི་ཏུན་གྱིས་ཉེན་རྟོག་པར་ཁོའི་ཕྱིའི་རྣམ་པ་བརྗོད་དེ། ཁོའི་འདྲ་རིས་ངོ་མ་འབྲི་བར་རོགས་རམ་བྱས་མོད། འོན་ཀྱང་མཐར་ཉེན་རྟོག་པས་ཁོ་མོ་གནོད་འཚེ་ཕོག་ཡུལ་མང་ཕྱོགས་དང་མི་འདྲ་བའི་ཁར་སྨད་འཚོང་མའང་མིན་པས། ཁོ་མོར་གནོད་འཚེ་གཏོང་མཁན“ཡུའེ་ཁེ་ཅུན་གྱི་འདྲེ་ལག་དམར་བ་”མིན་པའི་ཐག་བཅད་པ་རེད།

     དབྱིན་ཇིའི་སྨྱན་སྦྱོར་གྱིས་སྤེལ་བའི་གསར་འགྱུར་ལྟར་ན། ས་ཁེ་ལི་ཧྥུའུ་ལ་ཏོག་གསར་གློ་ཚད་མ་འགོས་གོང་། སྙིང་ནད་དང་གཅིན་སྙི་ཟ་ཁུའི་ནད་སོགས་ནད་རིགས་མང་པོ་ཕོག་ཡོད།

     མི་གསོད་ལག་དམར་འདི་མཇུག་མཐར་ཚེ་ལས་འདས་ནའང་། ཁོའི་འདྲེ་ལག་ལས་ཐར་བའི་མི་དག་གི་ལུས་སེམས་ཀྱི་ན་ཟུག་ད་དུང་ཡང་ཡལ་མེད་དེ། ཁེ་ལ་ཁེ་སི་ཏུན་གྱིས་དབྱིན་ཇིའི་མཁའ་དབྱིངས་གསར་འགྱུར་འཕྲིན་ལམ་དུ། ང་སྡུག་བསྔལ་གྱི་ཁྲོད་དུ་འཚོ་བ་མི་སྐྱེལ་ཀ་མེད་རེད། ངའི་མགོ་དང་སྒལ་རྒྱབ་ཏུ་ཚེམས་བུ་54བཙེམས་ཡོད་ཅིང་། ངའི་ཕྲུ་གུ་ཡང་ཤོར་སོང་། སྐབས་དེར་ང་ལ་མངལ་ཆགས་ནས་ཟླ་བ་བཞི་འགོར་ཡོད། ང་ད་ལྟ་སྔར་བཞིན་མགོ་ན་བ་དང་། མགོ་ཡུ་འཁོར་བ། དྲན་མེད་དུ་བརྒྱལ་བ་སོགས་ཀྱི་གནས་ཚུལ་འདུག་ཅེས་བརྗོད་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ཞུ་དག བསྟན་འཛིན་དབང་ཕྱུག

ཡིག་སྒྱུར། བྱམས་མཚོ།

中央广播电视总台 央广网 版权所有

དབྱིན་ཇིའི་ལག་དམར་བ་ཞིག་ཏོག་གསར་གློ་ཚད་ཕོག་སྟེ་ཤི་བ།