ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

རྒྱ་གར་གྱིས་མཐའ་མཚམས་གནད་དོན་སྐོར་ལ་གཏམ་བཤད་སྤེལ་བ།

2020-11-09 09:02:00     责编:卓玛才让

     རྒྱ་གར་གྱི་རྒྱལ་སྲུང་དྲག་ཇུས་དམག་དཔོན་ཐོག་མ་དེས་ཀྲུང་གོ་དང་རྒྱ་གར་གྱི་མཐའ་མཚམས་ཀྱི་གནད་དོན་ཚབས་ཇེ་ཆེ་རུ་འགྲོ་ཉེན་ཆེ་ཞེས་བརྗོད་པ།

     ལུའུ་ཐོའུ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་ལྟར་ན། རྒྱ་གར་གྱི་རྒྱལ་དྲག་ཇུས་དམག་དཔོན་ཐོག་མ་ལཱ་ཝ་ཐེ(BipinRawat)ཡིས་ས་གནས་དེ་གའི་དུས་ཚོད་ཀྱི་སྤྱི་ཚེས་6ཉིན་ཀྲུང་གོའི་དམག་དཔུང་དང་མཐའ་མཚམས་སུ་ཁ་གཏད་ཀྱི་གནས་ཚུལ་ཐོན་པ་དེས་སྔར་བས་གཞི་རྒྱ་ཆེ་བའི་འགལ་བ་དང་གདོང་ཐུག་འབྱུང་ཤས་ཆེ་ཞེས་བཤད་ཡོད།

རྒྱ་གར་རྒྱལ་སྲུང་དྲག་ཇུས་དམག་དཔོན་གྱིས་ཀྲུང་རྒྱའི་མཐའ་མཚམས་ཀྱི་གནད་དོན་ཚབས་ཇེ་ཆེ་རུ་འགྲོ་ཉེན་ཆེ་ཞེས་བརྗོད་པ།

     ལུའུ་ཐོའུ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་ལྟར་ན། ལཱ་ཝ་ཐེ་ཡིས་ཉིན་དེར་དྲ་ཐོག་ཏུ་གོང་གསལ་གྱི་ནང་དོན་འདུས་པའི་གཏམ་བཤད་ཅིག་སྤེལ་ཡོད་ཅིང་། ལཱ་ཝ་ཐེ་ཡིས“ལ་དྭགས”སུ་འབོད་པའི་ཤར་རྒྱུད་ས་ཁུལ་གྱི་དུས་བབ་ཛ་དྲག་པོ་ཡོད་ཅེས་གླེང་ཞིང་། གོང་བརྗོད་གནས་ཚུལ་དུ་རྒྱ་གར་དང་ཀྲུང་གོའི་དམག་མི་སྟོང་ཕྲག་འགའ་ཕན་ཚུན་ཁ་གཏད་དུ་ལངས་ནས་ཟླ་བ་ཁ་ཤས་འགོར་ཡོད་ཅེས་བཀོད་ཡོད།

རྒྱ་གར་གྱི་རྒྱལ་སྲུང་དྲག་ཇུས་དམག་དཔོན་ཐོག་མ་ལཱ་ཝ་ཐེ།

     ལཱ་ཝ་ཐེ་ཡིས་ང་ཚོས་དོན་དངོས་ཚོད་འཛིན་མཚམས་ཐིག་ལ་འགྱུར་ལྡོག་གང་བཏང་ཡང་དེར་མོས་མཐུན་བྱེད་རྒྱུ་མིན་ཞེས་བརྗོད་པ་དང་། ཁོང་གིས་ད་དུང་སྤྱི་ཡོངས་ཀྱི་བདེ་འཇགས་ལ་བསམ་བློ་བཏང་ཚེ། མཐའ་མཚམས་ཀྱི་གདོང་ཐུག་དང་། ས་མཚམས་བརྒལ་བ། དེ་བཞིན་དོན་མེད་དུ་དམག་དོན་གྱི་བྱ་སྤྱོད་སྤེལ་ཤུགས་ཆེ་རུ་བཏང་ནས་འགལ་བ་ཇེ་ཆེར་གཏོང་བར་སྣང་ཆུང་བྱེད་མི་རུང་ཞེས་བརྗོད་ཡོད།

     ད་ལོའི་སྤྱི་ཟླ་1ཚེས་1ཉིན། རྒྱ་གར་སྐམ་དམག་གི་དྲག་ཇུས་དམག་དཔོན་ལཱ་ཝ་ཐེས་རྒྱལ་ཁབ་ཀྱི་རྒྱལ་སྲུང་དྲག་ཇུས་དམག་དཔོན་ཐོག་མའི་འགན་བཞེས་པ་རེད།

     ཀྲུང་གོའི་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཝང་ཝུན་པིན་གྱིས་གསར་འགོད་པའི་ཚོགས་འདུའི་ཐོག ཉེ་ཆར་ཀྲུང་གོ་དང་རྒྱ་གར་གཉིས་ཀྱི་ཐུན་མོང་གི་ངོས་འཛིན་ལྟར། ཕྱོགས་གང་གིས་ཀྱང་མཐའ་མཚམས་ས་ཁུལ་གྱི་གནས་བབ་རྙོག་འཛིང་ཅན་དུ་བསྒྱུར་བའི་བྱ་སྤྱོད་སྤེལ་མི་རུང་ཞིང་། ཕྱོགས་གཉིས་ཀས་གནས་བབ་ཞི་ལྷོད་ཀྱི་ཆེད་དུ་འབད་བརྩོན་བྱས་པའི་མཇུག་འབྲས་ལ་ཤུགས་རྐྱེན་མི་ཐེབས་པ་བྱ་དགོས། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་དང་རྒྱ་གར་གཉིས་པོས་མིང་རྟགས་བཀོད་པའི་འབྲེལ་ཡོད་གྲོས་ཆོད་ལ་བརྩི་སྲུང་ནན་མོ་བྱེད་ངེས་ཡིན་ལ། ཀྲུང་གོ་དང་རྒྱ་གར་གྱི་མཐའ་མཚམས་ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་ལ་གཞོལ་བ་དང་ཆབས་ཅིག་རྒྱལ་ཁབ་ཀྱི་མངའ་ཁོངས་བདག་དབང་དང་བདེ་འཇགས་བརྟན་སྲུང་བྱེད་རྒྱུ་ཡིན་ཞེས་བརྗོད་ཡོད།

ཝང་ཝུན་པིན།

     ཀྲུང་གོའི་རྒྱལ་སྲུང་པུའི་གསར་འགྱུར་མགྲིན་ཚབ་པ་རེན་གོ་ཆང་གིས་ཟླ་གོང་མར་སྤྱི་ཟླ10ཚེས12ཉིན་ཀྲུང་གོ་དང་རྒྱ་གར་གྱི་དམག་དཔུང་གཉིས་ཀྱིས་ཁྲུའུ་ཧྲུའུ་ལེ་རུ་ཅུན་དཔོན་རིམ་པའི་གྲོས་མོལ་ཐེངས་བདུན་པ་འཚོགས་ཡོད་ཅེས་དང་། གྲོས་མོལ་དུ་རྒྱལ་ཁབ་གཉིས་པོའི་འཐབ་ཕྱོགས་དང་པོའི་དཔུང་སྡེས་མཐའ་མཚམས་ས་ཁུལ་གྱི་ནུབ་མཐའི་དངོས་འཛིན་མཚམས་ཐིག་སོགས་ཀྱི་སྐོར་ནས་བསམ་འཆར་བརྗེ་རེས་བྱས་ཤིང་། ཕྱོགས་གཉིས་པོས་ཐེངས་འདིའི་གྲོས་མོལ་ལ་དགེ་མཚན་ལྡན་ཞིང་། ཕན་ཚུན་གྱི་ལངས་ཕྱོགས་ལ་ཤེས་རྟོགས་འབྱུང་བར་ཕན་པ་ཐོགས་ཡོད་ཅེས་བརྗོད་ཅིང་། ཕྱོགས་གཉིས་པོས་མུ་མཐུད་དམག་དོན་དང་ཕྱི་འབྲེལ་གྱི་ཐབས་ལམ་བརྒྱུད་ནས་འབྲེལ་འདྲིས་དང་ཁ་བརྡ་རྒྱུན་འཁྱོངས་བྱས་ཏེ་ཅི་མགྱོགས་ཀྱིས་འགལ་བ་སེལ་ཐབས་བྱ་རྒྱུར་མོས་མཐུན་བྱུང་ཞིང་། ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་མི་སྣའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་དུ་འཁྱོལ་རྒྱུ་དང་། མཐའ་མཚམས་ཀྱི་འགལ་བ་རྩོད་གཞི་རུ་འགྱུར་དུ་མི་འཇུག་པར། མཉམ་དུ་མཐའ་མཚམས་ས་ཁུལ་གྱི་ཞི་བདེ་དང་ལྷིང་འཇགས་སྲུང་སྐྱོང་བྱ་རྒྱུར་མོས་མཐུན་བྱུང་ཡོད་ཅེས་བརྗོད་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ཞུ་དག བསྟན་འཛིན།

ཡིག་སྒྱུར། བྱམས་མཚོ།

中央广播电视总台 央广网 版权所有

རྒྱ་གར་གྱིས་མཐའ་མཚམས་གནད་དོན་སྐོར་ལ་གཏམ་བཤད་སྤེལ་བ།