ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

ཁྱིམ་མཚེས་གཉིས་ལ་ནོ་པེར་བྱ་དགའ་ཐོབ་པ།

2020-10-14 15:17:00     责编:卓玛才让

     མཚན་གུང་ཆུ་ཚོད་གཉིས་ལྷག་ཙམ་གྱི་ཐོག ཨ་རིའི་ཅ་ལི་ཧྥུ་ཉི་ཡ་མངའ་སྡེ་ནས་ཡིན་པའི་དགུང་ལོ་བརྒྱད་ཅུ་ལྷག་ཅན་གྱི་རྒན་པོ་ཞིག་དང་ཁོང་གི་ཆུང་མ་གཉིས་ཀྱིས་ཉལ་གོས་གྱོན་ནས་བྲེལ་འཚུབ་ངང་ཁྱིམ་མཚེས་ཚང་གི་སྒོ་ཁར་ཡོང་སྟེ་སྒོ་དྲིལ་མནན་ཞོར་སྒོ་རྡུང་ཞིང་། ཁྱིམ་མཚེས་ཀྱིས་མྱུར་དུ་ལན་འདེབས་པར་སྒུག

     པའོ་ལོ། པའོ་ལོ། ང་ཝེ་ཨར་ཞུན་ཡིན། ཁྱེད་རང་ལ་ནོ་པེར་བྱ་དགའ་ཐོབ་འདུག་ཅེས་སྐད་བརྒྱབ།

     མཚན་གུང་གཉིད་ལས་སློང་བའི་པའོ་ལོ་ནི་ད་ལོའི་ནོ་པེར་དཔལ་འབྱོར་རིག་པའི་བྱ་དགའ་ཐོབ་མཁན་གྱི་གཅིག་སྟེ། ལོ་ན་72ཅན་གྱི་དཔལ་འབྱོར་རིག་པའི་མཁས་པ་པའོ་ལོ·སྨིར་ཀེ་ལུའོ་མུའུ (PaulR.Milgrom) ཡིན་ཞིང་། ཁོང་དང་མཉམ་དུ་བྱ་དགའ་འདི་ཐོབ་མཁན་གྱི་མི་གཞན་དེ་ནི་མཚན་གུང་དུ་སྒོ་བརྡུངས་ནས་ཁོང་ལ་འབོད་མཁན་གྱི་བགྲེས་པོ་སྟེ། ལོ་83ཅན་གྱི་དཔལ་འབྱོར་རིག་པ་བ་ལུའོ་པོ་ཐེ་ཝེར་ཤུན་ (Robert B Wilson) ཡིན།

 

     འདིར་གླེང་རིན་ཡོད་པ་ཞིག་ལ། རྗེས་སུ་བཅར་འདྲི་བྱེད་སྐབས་ལུའོ་པོ་ཐེ·ཝེར་ཤུན་གྱིས་“དྲང་པོར་”བཤད་རྒྱུར། དང་ཐོག་ནོ་པེར་བྱ་དགའི་ཨུ་ཡོན་ལྷན་ཁང་གིས་ཁོང་ལ་ཁ་པར་བརྒྱབ་པ་ན་ཁོང་གིས་དེ་ནི་“གད་སྙིགས་ཁ་པར”རེད་བསམས་ཏེ་ཐད་ཀར་སྒོ་བརྒྱབ་པ་དང་། རྗེས་སུ་ནོ་པེར་བྱ་དགའི་ཨུ་ཡོན་ལྷན་ཁང་གིས་ཁོང་གི་ཆུང་མར་འབྲེལ་བ་བྱས་རྗེས་ད་གཟོད་རང་ལ་བྱ་དགའ་ཐོབ་པ་ཤེས།

Paul R.Milgrom

     ས་གནས་དེ་གའི་དུས་ཚོད་ཟླ་10ཚེས་12ཉིན། སུའེ་ཏེན་གོང་མའི་ཚན་རིག་ཁང་གིས་ཁྱབ་བསྒྲགས་བྱས་པར། 2020ལོའི་ནོ་པེར་དཔལ་འབྱོར་རིག་པའི་བྱ་དགའ་ནི་ཁོང་གཉིས་ལ་གནང་བ་སྟེ། ཁོང་གཉིས་ཀྱི་“རིན་བཅག་ཚོང་སྒྱུར་གྱི་རིགས་པའི་གཞུང་ལུགས་དང་དེའི་རྣམ་པ་གསར་པ་ལེགས་སུ་གཏོང་རྒྱུའི”ཐད་བྱས་རྗེས་བཞག་པར་གཟེངས་བསྟོད་བྱས་པ་ཡིན་ཞིང་། བྱ་དགའ་ཐོབ་མཁན་དེ་གཉིས་ཀྱིས་བྱ་དགའི་དངུལ་སུའེ་ཏེན་གྱི་ཁེ་ལང་ (མི་དམངས་ཤོག་སྒོར་ཁྲི་760ཙམ)ཁྲི་1000མཉམ་སྤྱོད་བྱ་རྒྱུ་རེད།

     ནོ་པེར་བྱ་དགའི་ཤིས་ཚིག་ཏུ། ཁོང་གཉིས་ཀྱིས་རང་ཉིད་ཀྱི་རིག་གནས་ལ་བརྟེན། སྲོལ་རྒྱུན་གྱི་བྱ་ཐབས་སྤྱད་དེ་འཚོང་དཀའ་བའི་ཚོང་ཟོག་དང་ཞབས་ཞུ་ལ་རིན་བཅག་ཚོང་སྒྱུར་བྱེད་སྟངས་གསར་པ་ཇུས་འགོད་བྱས་ཡོད་པ་དང་། ཁོང་གཉིས་ཀྱི་གསར་གཏོད་དེས་འཛམ་གླིང་གི་ས་ཆ་སོ་སོའི་ཚོང་པ་དང་། ཉོ་མཁན། ཁྲལ་འཇལ་མཁན་བཅས་ལ་ཕན་བཏགས་ཡོད་ཅེས་བསྟན་ཡོད།

Robert B.Wilson

     སྨིར་ཀེ་ལུའོ་མུའུ་དང་ཝེར་ཤུན་གཉིས་ནི་ཁྱིམ་མཚེས་ཡིན་པ་མ་ཟད། སི་ཐན་ཧྥུའུ་སློབ་ཆེན་གྱི་ལས་རོགས་ཀྱང་ཡིན། གཞན་ཡང་ཝེར་ཤུན་ནི་སྨིར་ཀེ་ལུའོ་མུའུ་ཡི་དགེ་རྒན་ཡིན་ཞིང་། ཁོང་གིས་སྨིར་ཀེ་ལུའོ་མུའུ་ཡི་འབུམ་རམས་པའི་དཔྱད་རྩོམ་འབྲི་བར་མཛུབ་ཁྲིད་གནང་མྱོང་ལ། སྨིར་ཀེ་ལུའོ་མུའུ་ཡིས་བྱ་དགའ་འདི་ཐོབ་པའི་དགའ་ཚོར་ཆེ་ཤོས་ནི་བྱ་དགའ་དེ་ཁོང་དང་ཝེར་ཤུན་གཉིས་ཀར་མཉམ་དུ་ཐོབ་པ་དེ་རེད་ཅེས་གསུངས།

     ཨ་རིའི་དགེ་རྒན་ཆེན་མོ་ཁོང་གཉིས་ལ་རིག་གཞུང་གྲུབ་འབྲས་ཕུན་སུམ་ཚོགས་པ་ཞིག་ཡོད་པ་མ་ཟད། ཁོང་གཉིས་ཀྱིས་ད་དུང་སྲིད་གཞུང་ལ་རིན་བཅག་ཚོང་སྒྱུར་བྱེད་སྟངས་ཇུས་འགོད་བྱས་པ་དང་། ཁོང་གཉིས་ཀྱིས་བློ་འདོན་ཀུང་སི་བཙུགས་ནས་རིན་བཅག་ཚོང་སྒྱུར་རྒྱག་མཁན་ཆེ་གྲས་གུའུ་ཀོལ་སོགས་ལྟ་བུར་གྲོས་འགོ་འདོན་བཞིན་པས། དགེ་སློབ་ཁོང་གཉིས་ལ་དངུལ་སྒོར་ཐད་སེམས་ཁྲལ་བྱེད་དགོས་མེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ཞུ་དག གངས་ཕྲུག་བློ་རྒྱ།

ཡིག་སྒྱུར། བྱམས་མཚོ།

འཛམ་གླིང་སྐར་ཁུངས།

སྤྱི་ལོ་2020ལོའི་ནོ་པེར་རྩོམ་རིག་བྱ་དགའ་ཁོང་ལ་ཐོབ་འདུག

སྤྱི་ལོ་1901ལོར་སྐབས་དང་པོའི་ནོ་པེར་རྩོམ་རིག་བྱ་དགའ་ཧྥ་རན་སིའི་རྩོམ་པ་པོ་སུའུ་ལི·ཧྥུ་ལུ་ཏོ་མོར་སྤྲད་པ་ནས། ད་ཕན་ལོ་120ཙམ་འདས་ཡོད།

中央广播电视总台 央广网 版权所有

ཁྱིམ་མཚེས་གཉིས་ལ་ནོ་པེར་བྱ་དགའ་ཐོབ་པ།