ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

སུས་ཀྲུང་ཨའི་དབར་“ཞིའུ་ཞི་ཏི་ཏེའི་རྒྱ་རྙི་”འཛུཊ་ཀྱིན་ཡོད།

2020-07-25 09:51:00     责编:卓玛才让

     ཀྲུང་གོས་ཨ་རིར་འགྲན་སློང་ངམ་ཡང་ན་ཨ་རིའི་ཚབ་བྱེད་འདོད་མེད་པ་དང་། ཨ་རི་དང་ཕྱོགས་ཡོངས་ནས་ཁ་གཏད་དུ་ལངས་འདོད་མེད་ཅེས་གསལ་བསྒྲགས་ཡང་ཡང་བྱས་ཡོད། འོན་ཀྱང་ཨ་རིར་སྔར་བཞིན་མ་རུང་ཁོག་བཅུག་བྱེད་མཁན་ཁ་ཤས་ཀྱིས་འུད་སྒྲོག་དང་ངན་སྐུལ་ཤུགས་ཆེན་བྱེད་པ་དང་། ཐ་ན་ཀྲུང་གོ་དང་ཨ་རིའི་དབར་“ཞིའུ་ཞི་ཏི་ཏེའི་རྒྱ་རྙི་”(修昔底德陷阱)འཛུགས་ཀྱིན་ཡོད་པ་རེད།

     སྤྱི་ཟླ་7པའི་ཚེས་21ཉིན། ཨ་རིས་གློ་བུར་དུ་ཤིའུ་སི་ཏུན་དུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་གཞུང་ཚབ་དོན་གཅོད་ཁང་ཆུ་ཚོད་72ནང་སྒོ་རྒྱག་དགོས་པའི་བླང་བྱ་བཏོན་ཡོད། དེ་རྗེས་ཨ་རིའི་ཙུང་ཐུང་ཐེ་རོན་ཕུས་ཨ་རིར་བཅའ་སྡོད་ཀྲུང་གོའི་ཕྱི་འབྲེལ་ལས་ཁུངས་དེ་བས་མང་བ་སྒོ་རྒྱག་ཏུ་འཇུག་མི་སྲིད་པ་མིན་ཞེས་འཛེམ་བག་མེད་པའི་ངང་འཇིགས་སྐུལ་གྱི་སྐད་ཆ་བཤད་ཡོད། ཕྱི་འབྲེལ་ལས་རིགས་ཀྱི་མི་སྣ་དང་མཁས་དབང་ཚོས་ད་ཐེངས་ཀྱི་གནས་ཚུལ་དེར་“ཀྲུང་གོ་དང་ཨ་རིའི་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ཚུན་བྱུང་མ་མྱོང་བའི་དོན་རྐྱེན་”ཞེས་བརྗོད་ཀྱི་ཡོད།

དཔྱད་གཞིའི་རི་མོ།  ཨ་རིའི་ཙུང་ཐུང་ཐེ་རོན་ཕུ།

     གོ་རྒྱུ་ཆེན་པོ་ཡོད་པ་ཞིག་ལ། འདི་འདྲའི་ཛ་དྲག་ཆེ་བའི་ཀྲུང་གོ་དང་ཨ་རིའི་འབྲེལ་བའི་མདུན་དུ། ཕྱོགས་ཁག་གི་གླེང་ཕྱོགས་ཀྱིས་ཨ་རིས་རྐང་བཙུགས་ནས་འཁྲུག་རྐྱེན་སློང་བ་དང་། རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་ལས་འགལ་བར་སྐྱོན་བརྗོད་བྱས་པ་ཕུད། ད་དུང་སེམས་ཆུང་ཡིད་གཟབ་བྱས་ཏེ། ཨ་རིས་བཟོས་པའི་“རྒྱ་རྙི་”དེའི་ནང་མི་ཚུད་པ་བྱེད་དགོས་ཞེས་ཀྲུང་གོར་ཆེད་མངགས་དྲན་སྐུལ་འདི་འདྲ་བྱས་ཡོད།

     གླེང་ཕྱོགས་ཀྱིས་དབྱེ་ཞིབ་བྱས་པར་གཞིགས་ན། ཨ་རིས་“རྒྱ་རྙི་”འདི་འདྲ་ཞིག་བཟོས་པར་དམིགས་ཡུལ་གསུམ་ལས་མེད་པ་སྟེ། དམིགས་ཡུལ་དང་པོ་ནི་ཨ་རིའི་སྲིད་གཞུང་གིས་རྒྱལ་ནང་གི་རིམས་ནད་དང་རིགས་རྒྱུད་ལས་འགུལ་སོགས་ཀྱི་གནོན་ཤུགས་སྤོ་སྒྱུར་བྱ་ཆེད་ཡིན། དམིགས་ཡུལ་གཉིས་པ་ནི་སྲིད་ཚོང་པ་ཁ་ཤས་ཀྱིས་ཀྲུང་གོར་ཕྱོགས་ཡོངས་ནས་གནོན་ཤུགས་སྤྲད་དེ་རང་ཉིད་ལ་དེའི་ཁྲོད་ནས་ཆབ་སྲིད་ཀྱི་ཁེ་ཕན་རག་ཆེད་ཡིན། དམིགས་ཡུལ་གསུམ་པ་ནི་ཀྲུང་གོར་ངར་བསླངས་ཏེ།  “འཛམ་གླིང་ཡོངས་ཀྱིས་ཀྲུང་གོར་འགོག་རྒོལ་བྱེད་པར་”ངན་སྐུལ་བྱ་ཆེད་“ཀྲུང་གོ་འཇིགས་སྐུལ་སྨྲ་བའི་”འཁྲུག་རྐྱེན་གསར་པ་བསླང་ཆེད་ཡིན། དེ་བས་དོ་སྣང་བྱེད་དགོས་པ་ཞིག་ནི་སེམས་བཟང་གི་དྲན་སྐུལ་དེ་ཚོའི་ནང་། རྒྱ་རྙི་དེ་འཛུགས་མཁན་ནི་“མི་ཁ་ཤས་”ཤིག་སྟེ། ཀྲུང་གོ་དང་ཨ་རིའི་དབར་གྱི་འབྲེལ་བ་ཉེན་ཁའི་གནས་སུ་བསྐྱལ་ནས། དེའི་ཁྲོད་ནས་ཁེ་བཟང་རག་ཐབས་བྱེད་མཁན་གྱི་སྲིད་ཚོང་པ་དེ་དག་ཡིན་པ་དམིགས་སུ་བཀར་ཏེ་བཏོན་ཡོད།

     ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་ཁག་གི་རིགས་གཅིག་མཁས་ཅན་དང་མཁས་དབང་གིས་ཀྲུང་ཨའི་འབྲེལ་བར་ཞིབ་འཇུག་བྱེད་སྐབས་གནའ་བོའི་ཐ་སྙད་ཁག་ཅིག་བེད་སྤྱོད་བྱེད་ཀྱི་ཡོད། དེའི་ནང་“ཞིའུ་ཞི་ཏི་ཏེའི་རྒྱ་རྙི་”ཞེས་པ་འདི་བེད་སྤྱོད་བྱེད་མང་ཤོས་ཀྱི་ཐ་སྙད་གཅིག་ལ་གྱུར་ཡོད། མཁས་དབང་མི་ཉུང་བ་ཞིག་གིས་མིའི་རིགས་ཀྱི་སྤྱི་ཚོགས་གོང་འཕེལ་ཆེན་པོ་ཕྱིན་ནས་ད་ལྟའི་དུས་ལ་སླེབས་སྐབས། རྒྱལ་ཁབ་ཁག་གི་དཔལ་འབྱོར་འབྲེལ་བ་སྔ་ན་མེད་པའི་དམ་ཟབ་བྱུང་ཡོད་ལ། དེང་རབས་ཀྱི་རྒྱལ་སྤྱིའི་འབྲེལ་བ་ནི་རྣམ་པ་གསར་རྐྱང་ཞིག་ཡིན་པས། “ཞིའུ་ཞི་ཏི་ཏེའི་རྒྱ་རྙི་”ལས་ཐར་བའི་ཆ་རྐྱེན་དང་ནུས་པ་ལྡན་ཡོད། ཀྲུང་གོས་ཨ་རིར་འགྲན་སློང་ངམ་ཡང་ན་ཨ་རིའི་ཚབ་བྱས་ནས་ཨ་རི་དང་ཕྱོགས་ཡོངས་ནས་ཁ་གཏད་དུ་ལངས་འདོད་མེད་པ་གསལ་བསྒྲགས་ཡང་ཡང་བྱས་ཡོད་མོད། འོན་ཀྱང་མ་རུང་ཁོག་བཅུག་བྱེད་མཁན་གྱི་ཨ་ར་བ་ཁ་ཤས་ཀྱིས་སྔར་བཞིན་རྫུན་གཏམ་འུད་སྒྲོག་དང་ངན་སྐུལ་ཤུགས་ཆེན་བྱེད་པ་དང་། ཐ་ན་ཀྲུང་གོ་དང་ཨ་རིའི་དབར་“ཞིའུ་ཞི་ཏི་ཏེའི་རྒྱ་རྙི་”བཙུགས་ཡོད།

དཔྱད་གཞིའི་རི་མོ། ཀྲུང་གོ་དང་ཨ་རིའི་དར་ཆ།

     ཡིན་ནའང་ད་རེས་དོན་རྐྱེན་དེའི་དོན་དངོས་ལས་ཨ་རི་བ་ཁ་ཤས་ཀྱིས་བཙུགས་པའི་“རྒྱ་རྙི་”དེའི་ནང་ཨ་རི་རང་ཉིད་སྔོན་ལ་ཚུད་པ་ར་སྤྲོད་བྱས་ཡོད།

     དང་པོ། ཨ་རིས་སྤྱད་པའི་བྱེད་ཐབས་དེ་འཛེམ་བག་མེད་ཅིང་གླེན་རྟགས་ཚ་པོ་ཡིན་པས། “མིའི་རིགས་ཀྱི་ཕྱི་འབྲེལ་ལོ་རྒྱུས་ཐོག་གི་ཁུངས་མེད་ལུང་མེད་ཀྱི་བྱ་སྤྱོད་གཅིག་ཡིན་” ཞེས་རྒྱལ་ཁབ་གཞན་གྱིས་ཨ་རིའི་བྱེད་སྟངས་ལ་ཁྲེལ་དགོད་ཤོར་ནས་དཔྱད་བརྗོད་དེ་ལྟར་བྱས་ཡོད། སྔོན་བརྡ་གང་ཡང་མ་བཏང་བར་ཆུ་ཚོད་72ནང་ཀྲུང་གོའི་གཞུང་ཚབ་དོན་གཅོད་ཁང་སྒོ་རྒྱག་ཏུ་བཅུག་པ་མ་ཟད། ཨ་རིའི་གཞུང་ཕྱོགས་ཀྱིས་དོན་དེའི་ཐད་ད་བར་འགྲེལ་བཤད་གསལ་པོ་གཅིག་ཀྱང་རྒྱབ་མེད། ཨ་རིའི་ཧམ་ཤེད་ཆེ་བའི་བྱ་སྤྱོད་ལས་འཛམ་གླིང་རྒྱལ་ཁབ་གཞན་གྱིས་མིག་སྔར་ཨ་རིའི་སྲིད་གཞུང་དེ་ཉིད་ཚོད་འཛིན་བྱེད་མི་ཐུབ་པ་དང་གོ་རིམ་མེད་པའི་གནས་སུ་གྱར་བ་གསལ་པོ་མཐོང་ཡོད་ལ། རྒྱུ་མཚན་དེའི་དབང་གིས་ཨ་རིའི་མནའ་གྲོགས་ཀྱིས་ཨ་རིའི་འགོ་ཁྲིད་ནུས་པར་ཡིད་ཆེས་མེད་པ་ཆགས་ཡོད།

     གཉིས་པ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨ་རི་འདི་ཉིད་འཛམ་གླིང་ཐོག་གི་བརྟན་བརླིང་མེད་པའི་རྒྱུ་རྐྱེན་མང་ཤོས་དང་འཇིགས་སྐུལ་ཆེ་ཤོས་ཡིན་པ་ངོས་འཛིན་ཇེ་གསལ་དུ་ཕྱིན་ཡོད། ཉེ་ཆར་《ཝ་ཧྲིང་ཐོན་སྦྲག་སྲིད་ཚགས་པར་》ཐོག་བཀོད་པའི་རྩོམ་ཡིག་གཅིག་གི་ནང་བསྟན་དོན། རིམས་ནད་ཚོད་འཛིན་བྱེད་པའི་ཐད་ཨ་རིས་ཧ་ལས་དགོས་པའི་ནོར་འཁྲུལ་ཤོར་བ་དང་དེས་འཛམ་གླིང་ལྟ་ཞིབ་མི་སྣ་རྣམས་ཧ་ལས་དགོས་པའི་གནས་སུ་བཀྱལ་ཡོད་ཅེས་འཁོད་ཡོད། ནུབ་ཕྱོགས་ཀྱི་སྨྱན་སྦྱོར་ཚན་པ་མང་པོ་ཞིག་གིས་རིམས་ནད་ཚོད་འཛིན་མི་ཐུབ་པ་དང་གོ་ལ་ཧྲིལ་པོར་མཆེད་པ་དེར་ཨ་རིར་གཞན་ལ་དཀྲི་ཐབས་མེད་པའི་འགན་འཁྲི་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད། ཨ་རིའི་ཡ་ཏེ་ཉི་ཞིབ་འཇུག་ཀུང་སིའི་དབུ་བཞུགས་མ་འཇོག་དཔོན་གྱིས་ཉིན་ཤས་གོང་། ཨ་རིའི་ཏོག་གསར་གློ་ཚད་འགོས་པའི་ནད་དཔེ་མང་དུ་ཕྱིན་པ་དང་དེ་བཞིན་ཀྲུང་ཨའི་འབྲེལ་བ་སླར་ཡང་ཛ་དྲག་ཏུ་སོང་བ་སོགས་ཀྱི་ཉེན་ཁས་ཨ་རིའི་མ་རྐང་ཁྲོམ་ར་20%ནས་30%བར་ཆག་སྲིད་ཅེས་ཐ་ཚིག་བསྒྲགས་ཡོད། ད་ཐེངས་ཀྱི་ཨ་རིས་ཀྲུང་གོའི་གཞུང་ཚབ་དོན་གཅོད་ཁང་ལ་འཛིན་པའི་བྱ་སྤྱོད་ལ་དམིགས་ནས་སྨྱན་སྦྱོར་ཁག་གཅིག་གིས་དཔྱད་གཏམ་སྤེལ་ནས་ཨ་རིའི་སྲིད་ཚོང་པ་ཚོས་ཐབས་ངན་སྣ་ཚོགས་སྤྱད་དེ་ཀྲུང་གོ་དང་གདོང་ཐུག་སློང་བཞིན་ཡོད་པའི་ངོས་འཛིན་བྱས་ཡོད་པ་རེད།

     གསུམ་པ། ཨ་རིར་རང་གིས་རང་ལ་ཡིད་ཆེས་བྱེད་པའི་བློ་སྤོབས་མེད་པ། ཉེ་བའི་ལོ་ཤས་རིང་ཨ་རིས་ཀྲུང་གོར་ཕྱོགས་གང་ས་ཅི་ཐད་ནས་རྡུང་རྡེག་གཏོང་གི་ཡོད། ཆུང་ས་ནས་བལྟས་ན་རྒྱལ་སྤྱིའི་གྲོས་ཚོགས་ནང་ཀྲུང་གོ་ཞུགས་སུ་མི་འཇུག་པ་དང་། ཆེ་ས་ནས་བལྟས་ན་ཀྲུང་གོའི་ཁེ་ལས་ལ་རྡུང་རྡེག་གཏོང་བ་དང་། ཀྲུང་གོའི་ཕྱི་འགྲིམ་སློབ་མ་ཕྱིར་འབུད་བྱེད་རྩིས་བྱེད་པ་བཅས་ཡིན། དེར་བརྟེན་“ཨ་རིའི་བློ་སྤོབས་གང་དུ་ཕྱིན་པ་ཡིན་ནམ་”ཞེས་པ་དེ་ད་ལྟ་ཕྱི་ཕྱོགས་ནས་ཨ་རིར་དོགས་འདྲི་བྱེད་ཆེ་ཤོས་སུ་གྱུར་ཡོད། ད་ཐེངས་ཤིའུ་སི་ཏུན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་དོན་གཅོད་ཁང་ལ་རྡུང་རྡེག་བཏང་བའི་ཞིབ་ཕྲའི་གནས་ཚུལ་ལ་བལྟས་ཚེ། ཨ་རིས་ཐ་ན་ཁ་པར་ཐོག་ནས་སྲོག་གཅོད་ཀྱི་འཇིགས་སྐུལ་བྱས་པ་དང་། རང་དགར་ཕྱི་འབྲེལ་སྦྲག་ཕད་ཁ་ཕྱེ་བ་ལྟ་བུའི་ཐ་ཤལ་གྱི་བྱ་ཐབས་དེ་རིགས་ཀྱང་སྤྱད་ཡོད།

     ཨ་རི་རིམ་གྱིས་སྤོབས་སེམས་མེད་པར་གྱུར་བ་དང་རང་ཉིད་ཀྱི་བྱ་སྤྱོད་ལ་ཚོད་འཛིན་མི་ཐུབ་པར་གྱུར་བ་དེ་མི་ཁག་ཅིག་གིས་རྐང་བཙུགས་ནས་ཀྲུང་གོ་དང་ཨ་རིའི་དབར་བཙུགས་པའི་“ཞིའུ་ཞི་ཏི་ཏེ་རྒྱ་རྙི་”དང་འབྲེལ་བ་ཡོད་ཅིང་། མི་ངན་དེ་ཚོས་ཨ་རིར་ཀྲུང་གོ་དར་རྒྱས་འགྲོ་བར་འཇིགས་སྣང་སྐུལ་བ་མ་ཟད། ཨ་རི་རྒྱ་རྙི་དེ་ལས་ཐར་མི་ཐུབ་པ་བཟོས་ཡོད།

དཔྱད་གཞིའི་རི་མོ། ཀྲུང་གོ་དང་ཨ་རིའི་དར་ཆ།

     ཀྲུང་གོའི་ངོས་ནས་བཤད་ཚེ། ཀྲུང་གོ་དང་ཨ་རིའི་འབྲེལ་བར་རྣམ་འགྱུར་ཁ་གསལ་ཡོད་པ་སྟེ། “མཐུན་ན་གཉིས་ཕན་དང་། འཐབ་ན་གཉིས་ཕམ་ཡིན་”ཞེས་པ་དེ་རེད།  འོན་ཀྱང་ཨ་རིས་ཀྲུང་གོར་གནོན་ཤུགས་བར་མེད་སྤྲད་པའི་སྨྱོ་ཧམ་ཆེ་བའི་བྱ་སྤྱོད་ཀྱི་མདུན་དུ། ཀྲུང་གོས་ཀྱང་ངེས་པར་དུ་དགོས་ངེས་དང་ལུགས་མཐུན་གྱི་ཁ་གཏད་གཅོག་ཐབས་གྲ་སྒྲིག་ཡག་པོ་བྱེད་དགོས་པ་དང་། འདང་ངེས་ཀྱི་བྱ་ཐབས་ལ་བརྟེན་ནས་འོས་ཤིང་འཚམ་ལ་ཕན་ནུས་ཆེ་བའི་ཕར་རྒོལ་བྱེད་དགོས། གཞན་ཡང་སྒོ་དབྱེའི་རྣམ་འགྱུར་ཐོག་ནས་སྐད་ཆ་ཤོད་རེས་ཀྱི་ཐབས་ལམ་སྣ་ཚོགས་བེད་སྤྱད་དེ། ཀྲུང་གོ་དང་ཨ་རིའི་འབྲེལ་བ་རྒྱུན་གཏན་གྱི་འཁོར་ལམ་ཐོག་ལོག་རྒྱུར་ཆ་རྐྱེན་བསྐྲུན་དགོས། གཞུང་ཚབ་ཆེ་མོ་བ་ཚུའེ་ཐེན་ཁའེ་ཡིས་གསུངས་པ་ལྟར། མིག་སྔར་ཀྲུང་གོ་དང་ཨ་རིའི་བར་གྱི་འབྲེལ་བ་རྦད་དེ་མཚམས་བཞག་མེད། ང་ཚོས་འབྲེལ་བ་དེ་ནོར་འཁྲུལ་གྱི་ཕྱོགས་སུ་ལྷུང་སྲིད་པ་དེར་དོ་ཁུར་ཆེན་པོ་བྱ་དགོས་ལ། ང་ཚོས་ད་དུང་ནུས་ཤུགས་གང་ཡོད་བཏོན་ནས་འབྲེལ་བ་དེ་ནོར་འཁྲུལ་གྱི་ཕྱོགས་སུ་མི་ལྷུང་རྒྱུ་སྔོན་འགོག་དང་། རྒྱ་རྙི་དེའི་ནང་མི་ཚུད་པ་བྱ་དགོས།

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ཞུ་དག ཟླ་བ་ཚེ་རིང་། 

ཡིག་སྒྱུར། ཟླ་བ་གཡུ་སྒྲོན། 

中央广播电视总台 央广网 版权所有

སུས་ཀྲུང་ཨའི་དབར་“ཞིའུ་ཞི་ཏི་ཏེའི་རྒྱ་རྙི་”འཛུཊ་ཀྱིན་ཡོད།