ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

ཨ་རིའི་སློབ་ཆེན་འདི་གཉིས་ཀྱིས་ཨ་རིའི་སྲིད་གཞུང་ཞུ་གཏུག་བྱས།

2020-07-10 09:28:00     责编:卓玛才让

     ཧ་ཝར་ཊི་གཙུག་ལག་སློབ་ཆེན་གྱི་སློབ་རའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ས་གནས་དེ་གའི་དུས་ཚོད་ཚེས་8ཉིན་གྱི་ཞོགས་པར། ཧ་ཝར་ཊི་སློབ་ཆེན་དང་མཱ་ས་ཁྲུའུ་སེ་མངའ་སྡེ་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པ་སློབ་གླིང་གིས་པོ་ཧྲི་ཏུན་ས་གནས་ཁྲིམས་ཁང་ལ་ཨ་རིའི་རྒྱལ་ཁོངས་བདེ་འཇགས་པུའུ་དང་། ཨ་རིའི་རྒྱལ་ཁོངས་སུ་འཛུལ་བ་དང་འགག་སྒོའི་ཁྲིམས་འཛིན་ཅུས་ཞུ་གཏུག་བྱས་ཏེ། ཁྲིམས་ཁང་གིས་ཚོད་འཛིན་བཀའ་རྒྱ་དང་བཀག་རྒྱ་ཁྱབ་བསྒྲགས་བྱས་ནས། ཨ་རིའི་སྲིད་གཞུང་གིས་ཉིན་ཤས་གོང་ཁྱབ་བསྒྲགས་བྱས་པའི་རྒྱལ་སྤྱིའི་སློབ་མར་དམིགས་པའི་འཐུས་མཆན་ལག་ཁྱེར་གྱི་ཚད་བཀག་བྱེད་ཐབས་ལག་བསྟར་བྱེད་རིགས་བཀག་འགོག་བྱ་རྒྱུའི་རེ་བ་ཞུས་ཡོད་པ་རེད།

གཏུག་བཤེར་ཡི་གེ།

     ཚེས་6ཉིན། ཨ་རིའི་རྒྱལ་ཁོངས་བདེ་འཇགས་པུའི་ཁོངས་གཏོགས་ཀྱི་རྒྱལ་ཁོངས་སུ་འཛུལ་བ་དང་འགག་སྒོའི་ཁྲིམས་འཛིན་ཅུས་ཀྱིས་བརྡ་ཁྱབ་བཏང་ནས། ཨ་རིར་རིག་གཞུང་སློབ་ཚན་ནམ་ལས་རིགས་སློབ་ཚན་སློབ་སྦྱོང་བྱེད་པའི་རྒྱལ་སྤྱིའི་སློབ་མ་ལ། གལ་ཏེ་སློབ་མ་དེ་འགྲིམ་སའི་སློབ་གྲྭས་ད་ལོའི་སྟོན་ཁའི་སློབ་སྐབས་སུ་དྲ་ཐོག་ནས་སློབ་ཁྲིད་བྱ་རྒྱུ་ཡིན་ན། ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁོ་ཚོར་མཆན་འགོད་ལག་ཁྱེར་སྤྲོད་རྒྱུ་མིན་པ་དང་། འགག་སྒོ་སོགས་འབྲེལ་ཡོད་སྡེ་ཚན་གྱིས་ཀྱང་སློབ་མ་དེ་རིགས་ཨ་རིར་ཡོང་དུ་འཇུག་མི་སྲིད་ཅེས་དང་། མིག་སྔར་ཨ་རིར་ཡོད་པ་དང་སྟོན་ཁའི་སློབ་སྐབས་སུ་གོང་གི་གནས་ཚུལ་བྱུང་བའི་སློབ་མ་ཡང་ངེས་པར་དུ་ཨ་རི་ནས་ཁ་འབྲལ་དགོས། ཡང་ན་ཡུལ་དངོས་ཀྱི་སློབ་ཚན་ཡོད་པའི་སློབ་གྲྭར་བསྒྱུར་དགོས། དེ་མིན་ན་རང་རང་སོ་སོའི་རྒྱལ་ཁབ་ཏུ་སྐྱེལ་རྒྱུ་སོགས་ཀྱི་མཇུག་འབྲས་དང་ལེན་བྱེད་དགོས་པ་བསྟན་ཡོད་པ་རེད།

     ཧ་ཝར་ཊི་གཙུག་ལག་སློབ་ཆེན་གྱི་སློབ་གཙོ་ལའོ་ལུན་སི·པ་ཁོའོ་ཡིས། སྲིད་ཇུས་གསར་པ་དེ་ནི་སྔོན་ཚུད་དུ་བརྡ་མ་བཏང་བར་གློ་བུར་དུ་ཁྱབ་བསྒྲགས་བྱས་པས་གདུག་རྩུབ་ཆེ་བ་དང་། ཧ་ཝར་ཊི་སློབ་ཆེན་གྱིས་དེ་ནི་སྲིད་ཇུས་ངན་པ་ཞིག་ཡིན་པར་ངོས་འཛིན་གྱི་ཡོད་ལ། དེ་ནི་ཁྲིམས་འགལ་ཞིག་ཡིན་པར་ཡང་འདོད་ཀྱི་ཅེས་བཤད་ཡོད། ཚེས་8ཉིན་བཏོན་པའི་ཞུ་གཏུག་ཁྲོད། ཧ་ཝར་ཊི་སློབ་ཆེན་དང་མཱ་ས་ཁྲུའུ་སེ་མངའ་སྡེ་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པ་སློབ་གླིང་གིས་ཨ་རིའི་སྲིད་གཞུང་གི་སྒྲིག་སྲོལ་གསར་པ་དེ་《སྲིད་འཛིན་གོ་རིམ་སྐོར་གྱི་བཅའ་ཁྲིམས་》དང་འགལ་ཡོད་པར་ངོས་འཛིན་གྱི་ཡོད་པ་དང་། ཁྱབ་བསྒྲགས་མ་བྱས་གོང་དུ་“གནད་དོན་གཙོ་བོར་”བསམ་བློ་བཏང་མེད་ཅིང་། སྲིད་ཇུས་ལ་ལུགས་མཐུན་གྱི་གཞི་འཛིན་ས་མཁོ་འདོན་བྱས་མེད་ལ། སྤྱི་དམངས་ལ་བརྡའང་ཡག་པོ་བཏང་མེད་པར་འདོད་བཞིན་ཡོད།

△ཨ་རིའི་གནས་སྤོས་ཡུལ་མི་དང་འགག་སྒོའི་ཁྲིམས་འཛིན་ཅུས་ཀྱི་གཞུང་ཕྱོགས་དྲ་ཚིགས།

     ཉིན་གཅིག་གོང་ལ། མཱ་ས་ཁྲུའུ་སེ་མངའ་སྡེའི་སྤྱི་ཁྱབ་ཞིབ་དཔྱོད་འགོ་འཛིན་མོ་ལ·ཤིས་ལིས་ཀྱང་། ཁོའི་གཞུང་ལས་ཁང་གིས་གཏན་འབེབས་གསར་པ་དེ་ཞུ་གཏུག་བྱ་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ཡིག་སྒྱུར། བསོད་ནམས་སྒྲོལ་མ།

中央广播电视总台 央广网 版权所有

ཨ་རིའི་སློབ་ཆེན་འདི་གཉིས་ཀྱིས་ཨ་རིའི་སྲིད་གཞུང་ཞུ་གཏུག་བྱས།