ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

ད་ཐེངས་ལྗར་པན་གྱིས་ཀྲུང་གོ་དང་ཨ་རི་ལས་བརྒལ་ཏེ་ཨང་རིམ་དང་པོ་བླངས་འདུག

2020-06-25 10:59:00     责编:卓玛才让

ལྗར་པན་ཐུན་མོང་གསར་འགྱུར་ཁང་གིས་སྤྱི་ཚེས་23ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ལྗར་པན་རང་བྱུང་རིག་པ་དང་རྫས་འགྱུར་རིག་པའི་ཞིབ་འཇུག་ལས་ཁུངས་ཀྱིས་ཞིབ་བཟོ་བྱས་པའི་རིམ་འདས་རྩིས་འཁོར་གསར་པ“ཧྥུ་ཡེ”ཞེས་པ་དེས་སྤྱི་ཚེས་22ཉིན་ཁྱབ་བསྒྲགས་བྱས་པའི་TOP500སྟེ་འཛམ་གླིང་རྩེར་སོན་ཨང་རིམ་500ཡི་ཁྲོད་ནས་ཨང་དང་པོ་བླངས་པ་རེད། དེ་ལས་ཀྱང་སྤྲོ་འོས་པ་ཞིག་ཡོད་པ་ནི་ལྗར་པན་གྱི་“ཧྥུ་ཡེ”ཡིས་ད་དུང་རྣམ་གྲངས་གཞན་གསུམ་གྱི་ཁྲོད་ནས་ཨང་དང་པོ་བླངས་ཏེ་འཛམ་གླིང་གི་“རྒྱུ་ཆ་བཞི་ཡི་རྩེ་མོ”རུ་གྱུར་ཡོད།

ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ནི་ལྗར་པན་“རྩིས་རྒྱག་མྱུར་ཚད་མགྱོགས་ཤོས”ཀྱི་འགྲན་བསྡུར་ཁྲོད་ཐེངས་སྔོན་མའི་ཨང་དང་པོ་ལོན་ནས་ལོ་ངོ་9སོང་རྗེས་སླར་ཡང་ཨང་དང་པོ་བླངས་པ་ཞིག་རེད། ཐེངས་སྔོན་མར་རྣམ་གྲངས་འདིའི་ནང་ཨང་དང་པོ་ཐོབ་པ་ནི་2011ལོའི་རིམ་འདས་རྩིས་འཁོར“ཅིང”ཞེས་པ་དེ་རེད། རྩིས་འཁོར“ཧྥུ་ཡེ”ཡི་རྩིས་རྒྱག་པའི་མྱུར་ཚད་ནི་སྐར་ཆ་རེར་ཐེངས་དུང་ཕྱུར་41.55རྩི་ཐུབ་པ་དང་། ཧ་ཅང་མྱུར་བའི་སྐབས་སུ་སྐར་ཆ་རེར་ཐེངས་དུང་ཕྱུར་100ལ་སླེབས་ཐུབ། དེ་རྩིས་རྒྱག་པའི་མྱུར་ཚད་ཀྱི་ཚན་པ་མ་ཟད་ད་དུང་ལད་ཟློས་ཀྱི་རྩིས་རྒྱག་སྟངས་ཀྱི་ཚན་པ། མིས་བཟོས་རིག་ནུས་སློབ་སྦྱོང་གི་ནུས་པའི་ཚན་པ། གྲངས་གཞི་ཆེན་པོའི་སྒྲིག་གཅོད་ཀྱི་ནུས་པའི་ཚན་པ་བཅས་སུ་ཀྱང་ཨང་དང་པོ་ཡིན་པ་རེད།

ས་གནས་དེ་གའི་སྤྱི་ཟླ་6པའི་ཚེས་16ཉིན་ལྗར་པན་གྱི་རིམ་འདས་རྩིས་རྒྱག་འཕྲུལ་ཆས་གསར་པ་“ཧྥུ་ཡེ”ཟེར་པ་སྨྱན་སྦྱོར་ཐོག་འགྲེམས་སྟོན་བྱས་པ་རེད།

ན་ནིང་གི་TOP500སྟེ་འཛམ་གླིང་གི་རྩེར་སོན་ཨང་རིམ་500ཡི་ཁྲོད་ཨང་དང་པོ་ཐོབ་མཁན་ཨ་རིའི་ཤིང་ཧྲུའུ་ལིང་རྒྱལ་ཁབ་ཚོད་ལྟ་ཁང་གི་རིམ་འདས་རྩིས་འཁོར་“ཡང་རྩེ”ཞེས་པ་ད་ཐེངས་ཨང་གཉིས་པར་ལྷུང་བ་དང་། ཨ་རིའི་ནུས་ཁུངས་པུའུ་ཡི་ཁོངས་གཏོགས་ལའོ་ལུན་སི་ལི་ཧྥུ་མོར་རྒྱལ་ཁབ་ཚོད་ལྟ་ཁང་གི་རིམ་འདས་རྩིས་འཁོར་“རི་རྩེ་”ཞེས་པ་ཨང་གསུམ་པ་ཡིན། ཀྲུང་གོའི་“ཧྲིན་ཝེ·ཐའེ་ཧུའུ་མཚེའུ་འོད་”དང་“དགུ་ཚིགས་གཉིས་པ་”གཉིས་ནི་ཨང་བཞི་བ་དང་ལྔ་པ་ཡིན། ཀྲུང་གོར་ཁྱོན་སྡོམ་རིམ་འདས་རྩིས་འཁོར་226ཡོད་པ་དང་གྲངས་འབོར་ཐོག་བསྟུད་མར་ཨང་དང་པོ་ཐོབ་ཡོད། ཨ་རི་ལ114ཡོད་པས་ཨང་གཉིས་པར་སླེབས་པ་དང་། དེའི་རྗེས་སུ་རིམ་བཞིན་ལྗར་པན་དང་། ཧྥ་རན་སི། འཇར་མན་བཅས་ཡིན།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

中央广播电视总台 央广网 版权所有

ད་ཐེངས་ལྗར་པན་གྱིས་ཀྲུང་གོ་དང་ཨ་རི་ལས་བརྒལ་ཏེ་ཨང་རིམ་དང་པོ་བླངས་འདུག