ཆ་འཕྲིན་ཐེར་འདོན། mzjubao@cnr.cn

པར་རིས་མིག་གི་དགའ་སྟོན།

སློབ་རའི་རྩོམ་པ་པོ་རྟགས་མའི་རྩོམ་ཡིག་འགྲན་སྡུར།

2020-11-19 09:21:00     责编:sangjzm

མཚོ་ནུབ་ས་ཁུལ་གྱི་སློབ་རའི་རྩོམ་པ་པོ་རྟགས་མའི་རྩོམ་ཡིག་འགྲན་སྡུར་གྱི་བྱ་དགའ་གནང་བའི་མཛད་སྒོ་དང་བགྲོ་གླེང་ཚོགས་འདུ་གཏེར་ལེན་ཁ་རུ་བསྡུས།

ཉེ་ཆར། ཁོར་ཡུག་སྲུང་སྐྱོབ་བྱས་ཏེ་མཛེས་སྡུག་གི་ཁྱིམ་གཞིས་བསྐྲུན་ཞེས་པ་བརྗོད་བྱ་ཡིན་པའི་མཚོ་ནུབ་ས་ཁུལ་བོད་ཀྱི་སློབ་འབྲིང་སློབ་མའི་སློབ་རའི་རྩོམ་པ་པོ་རྟགས་མའི་རྩོམ་ཡིག་འགྲན་སྡུར་གྱི་བྱ་དགའ་གནང་བའི་མཛད་སྒོ་དང་བགྲོ་གླེང་ཚོགས་འདུ་གཏེར་ལེན་ཁ་རུ་བསྡུས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏན་ཏིག་བཞི་སྐུལ་སྤེལ་བྱས་ཏེ་སྐྱེ་ཁམས་ཁོར་སྲུང་གི་བསམ་བློའི་འདུ་ཤེས་རིམ་པ་སོ་སོའི་མི་རིགས་སློབ་གྲྭའི་སློབ་གསོའི་གོ་རིམ་ཧྲིལ་པོའི་ནང་དངོས་འབེབས་བྱེད་པ་དང་།ཁ་འབྲལ་མི་རུང་བ་གསུམ་གྱི་བསམ་བློ་དང་མོས་མཐུན་ལྔ་ཡི་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ།མེས་རྒྱལ་ལ་དགའ་བའི་འདུ་ཤེས་དེ་བོད་རིགས་ན་གཞོན་སློབ་མའི་སེམས་རྒྱུད་དུ་འཇོག་ཆེད་དང་།ཕྱོགས་ཡོངས་ནས་བོད་རིགས་སློབ་འབྲིང་སློབ་མའི་སྐད་ཡིག་གི་ཕྱོགས་བསྡུས་བྱང་ཚད་དང་རྩོམ་འབྲིའི་ནུས་པ་མཐོ་རུ་བཏང་ནས།སློབ་མའི་བོད་སྐད་ཡིག་ལ་སློབ་སྦྱོང་དང་རྩོམ་ཡིག་འབྲི་བར་སྐུལ་མ་གཏོང་ཆེད། མཚོ་ནུབ་ཁུལ་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱི་༼གངས་རྒྱན་མེ་ཏོག༽རྩོམ་སྒྲིག་ཁང་དང་།མཚོ་ནུབ་ཁུལ་སློབ་གསོ་ཅུའུ།མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས་བཅས་ཀྱིས་གྲོས་ཆོད་ལྟར་2020ལོའི་ཁུལ་ཡོངས་ཀྱི་བོད་ཀྱི་སློབ་འབྲིང་སློབ་མའི་སློབ་རའི་རྩོམ་པ་པོ་རྟགས་མའི་རྩོམ་ཡིག་འགྲན་སྡུར་བྱ་འགུལ་བདེ་བླག་ངང་སྤེལ།

བྱ་དགའ་གནང་བའི་མཛད་སྒོའི་སྟེང་མཚོ་ནུབ་ཁུལ་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་དང་།ཁུལ་སློབ་གསོ་ཅུའུ།ཁུལ་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་སོགས་ཀྱི་འགན་ཁུར་བས་ཐེངས་འདིའི་རྩོམ་ཡིག་འགྲན་སྡུར་གྱི་ཐོག་མའི་ཀུན་སློང་དང་བྱ་འགུལ་གྱི་དགེ་མཚན་སོགས་བརྗོད་ཅིང་།རྩོམ་ཡིག་འགྲན་སྡུར་གྱི་མགོ་མཇུག་བར་གསུམ་གྱི་ལས་རིམ་ཞིབ་བརྗོད་བྱས་ཏེ།བྱ་དགའ་རུ་ཚུད་པའི་རྩོམ་ཡིག་དང་རྩོམ་པ་པོ་ཆུང་ཆུང་དག་ལ་རྟེན་འབྲེལ་ཤིས་ཚིག་ཕུལ་པར་མ་ཟད།འགྲན་ཞུགས་སློབ་མ་རྣམས་ལ་རྗེས་ཕྱོགས་འགན་བབ་སློབ་གསོར་ཤུགས་བསྣོན་བྱེད་པའི་དུས་མཚུངས་སུ།རང་ཉིད་ཀྱི་ཕྱོགས་བསྡུས་ནུས་པ་མཐོར་འདེགས་དང་མི་རིགས་སྐད་ཡིག་གི་རྩོམ་འབྲིའི་ཆུ་ཚད་ལ་རྨང་ཡག་པོ་བསྐྲུན་ཏེ། གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་སྒྱུ་རྩལ་ལས་དོན་ཐད་རང་ཉིད་ཀྱི་ལག་རྗེས་འཇོག་དགོས་པ་བསྟན།

རྒྱུས་ལོན་པ་ལྟར་ན།ཐེངས་འདིའི་མཚོ་ནུབ་ཁུལ་གྱི་བོད་ཀྱི་སློབ་འབྲིང་སློབ་མའི་སློབ་རའི་རྩོམ་པ་པོ་རྟགས་མའི་རྩོམ་ཡིག་འགྲན་སྡུར་གྱི་བྱ་འགུལ་ནི་སྤྱི་ཟླ10པའི་ནང་ཇུས་འདོན་བྱས་ཏེ་ཟླ་མཇུག་ལ་བརྡ་སྦྱོར་བཏང་ཞིང་།སྤྱི་ཟླ11པའི་ཟླ་དཀྱིལ་དུ་རྩོམ་ཡིག་དག་ལ་དྲང་བཞག་སྒོས་དཔྱད་འདེམས་བརྒྱུད་དེ།མཚོ་ནུབ་ས་ཁུལ་གྱི་མི་རིགས་སློབ་གྲྭ་སོ་སོ་ནས་བསྐུར་ཡོང་བའི་ཁྱོན་བསྡོམས་རྩོམ་ཡིག་བརྩམས་ཆོས་དྲུག་ཅུ་ལྷག་གི་ནང་དུ་རྩོམ་ཡིག་ཉི་ཤུ་བདམས་ཐོན་བྱུང་ནས་བྱ་དགའི་ཚད་གཞིའི་ནང་བཞག་པ་དང་།དེའི་ནང་མཐོ་འབྲིང་སློབ་མའི་རྩོམ་ཡིག་བརྩམས་ཆོས་བཅུ་གཅིག་དང་དམའ་འབྲིང་སློབ་མའི་རྩོམ་ཡིག་བརྩམས་ཆོས་དགུ་བྱ་དགའི་ཚད་གཞི་ནང་ཚུད་པར་བྱས་ལ།མཐོ་འབྲིང་རིམ་པ་དང་དམའ་འབྲིང་རིམ་པ་སོ་སོར་བྱ་དགའ་ཨང་དང་པོ་གཅིག་རེ་དང་ཨང་གཉིས་པ་གཉིས་རེ། ཨང་གསུམ་པ་གསུམ་རེ།ཕུལ་བྱུང་བྱ་དགའ་བཞི་རེ་བཀོད་སྒྲིག་བྱས་ཏེ་རྟིང་སྐུལ་བྱས་ཤིང་། སློབ་རའི་རྩོམ་པ་པོའི་མིང་རྟགས་ཐོབ་པའི་རྩོམ་ཡིག་དག་གངས་རྒྱན་མེ་ཏོག་དུས་དེབ་ཏུ་སྤེལ་འཆར་ཡོད་པ་རེད།

མཐར་སློབ་གྲོགས་སྟག་ལྷ་རྒྱལ་དང་གནས་མཚོ་སྐྱིད་གཉིས་ལ་སོ་སོར་བྱ་དགའ་ཨང་དང་པོ་ཐོབ་པ་དང་།སློབ་གྲོགས་སྟོབས་ལྡན་སོགས་ལ་བྱ་དགའ་ཨང་གཉིས་པ་ཐོབ། སློབ་གྲོགས་བཀྲ་ཤིས་གཡང་འཛོམས་སོགས་ལ་བྱ་དགའ་ཨང་གསུམ་པ་ཐོབ་པ་དང་།སློབ་གྲོགས་ཆོས་དབྱིངས་སྐྱིད་སོགས་ལ་ཕུལ་བྱུང་བྱ་དགའ་ཐོབ།

བྱ་དགའི་མཛད་སྒོ་མཇུག་རྫོགས་རྗེས།གཙོ་སྒྲུབ་ལས་ཁུངས་དང་འགན་སྒྲུབ་ལས་ཁུངས་ཀྱི་འབྲེལ་ཡོད་མི་སྣ་དང་བྱ་དགའ་ཐོབ་པའི་འགྲན་ཞུགས་སློབ་མ།དཔྱད་འདེམས་པ། མཛུབ་སྟོན་དགེ་རྒན།རྩོམ་རིག་སྒྱུ་རྩལ་ལ་དགའ་མོས་ཆེ་བའི་སྤྱི་ཚོགས་ལས་རིགས་སོ་སོའི་མི་སྣ་དག་མཉམ་དུ་འཛོམས་ནས།ཐེངས་འདིའི་རྩོམ་ཡིག་འགྲན་སྡུར་གྱི་བརྗོད་བྱ་དང་འབྲེལ་ཏེ་བགྲོ་གླེང་བྱས།སོ་སོས་རང་ཉིད་ཀྱི་སྤྱི་ཚོགས་ཉམས་མྱོང་དང་གསར་རྩོམ་བརྒྱུད་རིམ་སོགས་གླེང་ནས་སློབ་མ་དག་ལ་སློབ་གསོ་སློབ་ཁྲིད་དང་།མི་དང་མིའི་བར་ལ་བསམ་བློ་བརྗེ་རེས་བྱས་ཏེ།མཉམ་དུ་རྩོམ་རིག་སྒྱུ་རྩལ་གསར་རྩོམ་གྱི་རྣམ་པའི་སྒོ་ནས།རང་ཉིད་ཀྱི་འཇོན་ཐང་མངོན་ནས་མི་ཚེ་དོན་ལྡན་དུ་བྱེད་པར་སྐུལ་འདེད་བྱས་པ་དང་།ཁོར་སྲུང་རང་ཉིད་ནས་མགོ་བརྩམས་ཏེ།སྔོ་སང་གི་ནམ་མཁའ་དང་མཛེས་སྡུག་གི་ཁྱིམ་གཞིས་མཉམ་བསྐྲུན་བྱེད་དགོས་པའི་བསམ་ཚུལ་དང་དྲན་ཚུལ་ལྷུག་པོར་བསྟན།

གསར་འགོད་པ། བསོད་རྡོ།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

中央广播电视总台 央广网 版权所有

སློབ་རའི་རྩོམ་པ་པོ་རྟགས་མའི་རྩོམ་ཡིག་འགྲན་སྡུར།

ཉེ་ཆར། ཁོར་ཡུག་སྲུང་སྐྱོབ་བྱས་ཏེ་མཛེས་སྡུག་གི་ཁྱིམ་གཞིས་བསྐྲུན་ཞེས་པ་བརྗོད་བྱ་ཡིན་པའི་མཚོ་ནུབ་ས་ཁུལ་བོད་ཀྱི་སློབ་འབྲིང་སློབ་མའི་སློབ་རའི་རྩོམ་པ་པོ་རྟགས་མའི་རྩོམ་ཡིག་འགྲན་སྡུར་གྱི་བྱ་དགའ་གནང་བའི་མཛད་སྒོ་དང་བགྲོ་གླེང་ཚོགས་འདུ་གཏེར་ལེན་ཁ་རུ་བསྡུས།