ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

ལྷོ་སྣེ་རུ་སླར་ཡང་ཁ་བ་དམར་པོ་བབས་འདུག

2021-02-22 16:51:00     责编:卓玛才让

     ཉེ་ཆར། ཚང་མས་ལྷོ་སྣེའི་ཚན་རིག་རྟོག་ཞིབ་ས་ཚིགས་ཉེ་འགྲམ་ནས་བླངས་བའི་འདྲ་པར་ཁག་ཅིག་ལ་དོ་ཁུར་བྱེད་ཀྱི་ཡོད། པར་དེ་དག་ནང་གི་ཁ་བའི་ཚོས་མདོག་ནི་དམར་པོ་དང་ལྗང་ཁུ་ཡིན་པ་རེད།

དྲོད་ཚད་ཇེ་མཐོ་རུ་ཕྱིན་པ་དང་བསྟུན་ནས་ཆུ་སྔོའི་རིགས་མགྱོགས་མྱུར་ངང་སྐྱེ་འཕེལ་བྱུང་བ་དང་། ས་ཆ་མང་པོར་“ཁ་བ་དམར་པོའི་ཡུལ་ལྗོངས”ཡང་ཡང་ཐོན་ཡོད།

     དོན་དམ་པར། འདི་ནི་ལྷོ་སྣེ་རུ་བབས་པའི་ཁ་བ་དམར་པོ་ཐོག་མ་མ་ཡིན་ཏེ། ན་ནིང་ཟླ་2ཚེས་28ཉིན་ལྷོ་སྣེའི་ཨུ་ཁེ་ལན་གྱི་ཚན་རིག་རྟོག་ཞིབ་ས་ཚིགས་ནས“དམར་པོ་ཞི་ཀྭ་མདོག་གི་ཁ་བ”མཐོང་བ་དང་། ན་ནིང་ཟླ་8པར་ཡོ་རོབ་ཨར་པེ་སི་རི་རྒྱུད་དུའང་ཟིང་མདོག་ཅན་གྱི་འཁྱགས་རོམ་བྱུང་ཡོད།

     ཨུ་རུ་སུའི་སྨྱན་སྦྱོར་གྱིས་དབྱེ་ཞིབ་བྱས་པ་ལྟར་ན། ཁ་བའི་མདོག་འགྱུར་བ་ནི་ཆུ་སྔོའི་རིགས་སྐྱེ་འཕེལ་གྱི་མཇུག་འབྲས་ཤིག་ཡིན་པ་སྟེ། དཔེར་ན། དེའི་ཁ་དོག་དམར་པོ་རུ་སྒྱུར་བྱེད་ནི“ཆུ་སྔོ་གངས་ཀྱི་ལྭ་བ་ཅན(雪衣藻)”གྱི་ལ་སེར་གྱི་རྒྱུ་ཞིག་ཡིན། ཞིབ་འཇུག་མི་སྣས་ལྷོ་སྣེའི་དྲོད་ཚད་ཇེ་མཐོར་སོང་བ་དེས་ཆུ་སྔོའི་སྐྱེ་འཚར་ལ་ཆ་རྐྱེན་མཁོ་འདོན་བྱས་པ་དང་། སྣང་ཚུལ་དེས་གླིང་སྣེའི་གངས་འཁྱགས་ཞུ་བ་ཇེ་མགྱོགས་སུ་བཏང་བ་ཡིན་སྲིད་པས་ངེས་པར་དུ་མཐོང་ཆེན་བྱེད་དགོས་ཞེས་བཤད་ཡོད།

     ཆུ་སྔོ་གངས་ཀྱི་ལྭ་བ་ཅན་ནི་ཆུ་སྔོ་མང་ཆེ་བ་དང་མི་འདྲ་སྟེ། དེས་གྲང་ངར་ཆེན་པོ་བཟོད་ཐུབ་པ་དང་། དེ་ནི་བྱང་སྣེ་དང་། ལྷོ་སྣེ་དང་ལྷོ་སྣེའི་གླིང་ཕྲན། ད་དུང་ཨ་ཨེར་པེ་སི་ས་ཁུལ་སོགས་གངས་འཁྱགས་ཁོར་ཡུག་ཏུ་ཁྱབ་ཡོད་པ་རེད། ཆུ་སྔོ་གངས་ཀྱི་ལྭ་བ་ཅན་དེས་སྤྱིར་ཁོར་ཡུག་ལ་གནོད་སྐྱོན་མི་བྱེད་ནའང་། དེ་ནི་འཁྱགས་རོམ་གྱི་ཞུ་ཚད་ཇེ་མགྱོགས་སུ་གཏོང་མཁན་གྱི་ལྐོག་ཇུས་པ་ལྟ་བུར་གྱུར་ཡོད།

     གྲང་ངར་ཆེ་བའི་དགུན་ཁར་ཆུ་སྔོ་དེ་རིགས་དགུན་ཉལ་གྱི་རྣམ་པར་གནས་མོད། འོན་ཀྱང་ཉི་འོད་ཕོག་ཚེ། དེ་ཚོ་སླར་གསོ་བྱེད་འགོ་རྩོམ་པ་རེད། ཆུ་སྔོ་གངས་ལྭ་ཅན་གཞོན་པ་དག་ནི་ལྗང་ཁུ་ཡིན་ལ་དེ་དག་ནར་སོན་རྗེས་ལ་སེར་གྱི་རྒྱུ་དམར་པོ་འབྱུང་བ་སྟེ། རྒྱུ་དེས་ཆུ་སྔོ་དེ་རིགས་ཀྱི་མདོག་ལྗང་ཁུ་ནས་དམར་པོ་ཞི་ཀྭ་ཡི་མདོག་ཏུ་སྒྱུར་བ་རེད།

     2016ལོའི་ཞིབ་འཇུག་ཅིག་ལས་བྱང་སྣེའི་གངས་ཞུའི་དུས་ཚིགས་ཤིག་གི་ནང་དུ། ཆུ་སྔོ་གངས་ལྭ་ཅན་མང་པོར་སྐྱེས་པ་ཡིས་གངས་ཀྱི་ཉི་འོད་ལྡོག་འཕྲོ་བྱེད་ཚད་13%མར་ཆག་ཏུ་འཇུག་པ་དང་། དེས་གངས་ཀྱི་ཞུ་ཚད་ཇེ་མགྱོགས་སུ་གཏོང་བ་གསལ་བཤད་བྱས་ཡོད།

གོ་ལ་ཧྲིལ་པོའི་གནམ་གཤིས་ཇེ་དྲོར་འགྲོ་བཞིན་པའི་གནས་ཚུལ་འོག ལྷོ་སྣེའི་གནས་ཚུལ་དངོས་གནས་དེ་འདྲའི་མི་ལེགས་པ་ཞིག་ཡིན་ནམ།

     དོན་དངོས་ཐོག ཆུ་སྔོ་གངས་ལྭ་ཅན་གྱི་སྐྱེ་འཕེལ་དང་འཁྱགས་རོམ་ཞུ་བ་སོགས་ཚང་མ་གོ་ལ་ཧྲིལ་པོ་དྲོད་འགྱུར་དང་འབྲེལ་བ་དམ་ཟབ་ཡོད་པ་རེད། གྲངས་གཞི་ལས་མངོན་པར་ལྟར་ན། ལྷོ་སྣེའི་དྲོད་ཚད་ལོ་བཅུ་རེར་0.6℃རེ་ཇེ་མཐོར་འགྲོ་བཞིན་ཡོད་པ་དང་། ལྷོ་སྣེའི་ནམ་ཟླ་དྲོད་འགྱུར་གྱི་མྱུར་ཚད་ནི་གོ་ལ་ཧྲིལ་པོ་དྲོད་འགྱུར་གྱི་མྱུར་ཚད་ཀྱིས་ལྡབ་གསུམ་ལྷག་ཡིན།

     དོན་དངོས་སུ། ལྷོ་སྣེའི་ས་ཁོངས་ཁ་ཤས་ཙམ་སྟེ། ལྷག་པར་དུ་བྱང་ཕྱོགས་ཀྱི་ས་ཁོངས་འགའ་ཡི་དྲོད་འགྱུར་གྱི་མྱུར་ཚད་ཅུང་མགྱོགས་པ་ལས། སྤྱིའི་ཆ་ནས་ལྷོ་སྣེའི་དྲོད་འགྱུར་སྔར་བཞིན་དལ་མོར་འགྱུར་ལྡོག་འབྱུང་བའི་བརྒྱུད་རིམ་དུ་གནས་ཡོད།

     ད་ལོའི་ལྷོ་སྣེའི་ཕྱེད་གླིང་གི་ནུབ་ཀྱི་མཚོ་ངོགས་ཀྱི་ས་ཁོངས་ཁག་གཅིག་གི་དབྱར་དུས་ཀྱི་ཆུ་སྔོ་གངས་ལྭ་ཅན་གྱི་སྐྱེ་འཕེལ་ནི་ན་ནིང་ལས་མངོན་གསལ་དོད་པོས་མང་བ་རེད། ཆུ་སྔོ་གངས་ལྭ་ཅན་ནི་དངོས་སུ་གནས་པ་མ་ཟད། དེ་ནི་ཉེན་ཁ་ཅན་ཞིག་ཀྱང་རེད། འོན་ཀྱང་དེའི་ཉེན་ཁ་ལ་གཞི་ཁྱོན་ཆེན་པོ་དང་ཡུན་རིང་གི་རང་བཞིན་ལྡན་མིན་ད་དུང་ས་ཁོངས་མང་བོའི་གྲངས་གཞི་ལ་བརྟེན་དགོས་པ་ལས་འཕྲལ་དུ་བསྡོམས་ཚིག་འགོད་ཐུབ་ཀྱི་མེད།

ལྷོ་སྣེའི་དྲོད་ཚད་ལ་མངོན་གསལ་གྱི་འགྱུར་ལྡོག་བྱུང་མེད་ནའང་། དོགས་ཟོན་གྱི་ཉེན་བརྡ་གཏོང་རན་ལ་སླེབས་ཡོད།

     དུས་ཡུན་རིང་པོ་ཞིག་ཏུ་གྲངས་གཞི་ལ་ལྟ་ཞིབ་ཚད་ལེན་བྱས་པ་བརྒྱུད། ཚན་རིག་པས་ལྷོ་སྣེ་ཧྲིལ་པོའི་དྲོད་ཚད་ཀྱི་འགྱུར་ལྡོག་དཔེ་རིས་བཟོས་ཡོད། ས་ཁྲ་ལས་ལྷོ་སྣེའི་ས་ཁུལ་མང་ཆེ་བའི་དྲོད་ཚད་ལ་འགྱུར་ལྡོག་མངོན་གསལ་དོད་པོ་མེད་པ་དང་། དྲོ་ཚད་ཀྱི་འཕར་ཚད་ཚང་མ་0.25℃ལས་ཆུང་བ་མཐོང་ཐུབ། ལྷོ་སྣེའི་ཕྱེད་གླིང་གི་ཁ་དོག་དམར་པོ་ཡིན་པའི་ས་ཁོངས་ཀྱི་ཕྱི་ངོས་དྲོད་ཚད་ནི་1957ལོར་བལྟས་ན་3.5℃ ཇེ་མཐོ་རུ་ཕྱིན་ཡོད་དེ་དེའི་འགྱུར་ལྡོག་ནི་ཧ་ཅང་མངོན་གསལ་ཞིག་རེད།

     འོན་ཀྱང་ལྷོ་སྣེའི་ནམ་ཟླ་དྲོད་འགྱུར་ནི་དུས་ཡུན་རིང་ཞིང་འགྱུར་ཚད་དལ་བའི་བརྒྱུད་རིམ་ཞིག་ཡིན་ངེས། ཕྱོགས་གཅིག་ནས་དེའི་ཚབས་ཆེའི་རང་བཞིན་ལ་སྒྲོ་བཏགས་ནས་མི་རྣམས་དངངས་སྐྲག་སྐྱེ་བར་གཡོལ་དགོས་པ་དང་། ཕྱོགས་གཞན་ཞིག་ནས་རྟག་ཏུ་དྲོད་ཚད་ཀྱི་འགྱུར་ལྡོག་ལ་དོགས་ཟོན་བྱེད་པ་དང་ལྷོ་སྣེའི་སྐྱེ་ཁམས་ཀྱི་ད་ཡོད་གནས་ཚུལ་དངོས་ལ་དོ་སྣང་བྱེད་དགོས། དུས་མཚུངས་སུ་རང་ཉིད་ཀྱི་ནུས་པས་ལྕོགས་ཚོད་ཀྱི་བྱ་བ་ལེགས་པར་བསྒྲུབ་དགོས།

“ཞི་ཀྭ་མདོག་གི་ཁ་བ་”ནི་གཏམ་རྒྱུད་ངོ་མཚར་བ་ཞིག་མིན། 

ལྷོ་སྣེ་གླིང་ནི་སའི་གོ་ལའི་དག་ཞིང་ཞིག་སྟེ། 

དེ་སྲུང་སྐྱོབ་ལེགས་པོ་བྱ་རྒྱུ་ནི་མིའི་རིགས་ཀྱི་ཐུན་མོང་གི་འགན་འཁྲི་ཡིན།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ཞུ་དག ཟླ་བ་གཡུ་སྒྲོན།

ཡིག་སྒྱུར། བྱམས་མཚོ།

中央广播电视总台 央广网 版权所有

ལྷོ་སྣེ་རུ་སླར་ཡང་ཁ་བ་དམར་པོ་བབས་འདུག

ཉེ་ཆར། ཚང་མས་ལྷོ་སྣེའི་ཚན་རིག་རྟོག་ཞིབ་ས་ཚིགས་ཉེ་འགྲམ་ནས་བླངས་བའི་འདྲ་པར་ཁག་ཅིག་ལ་དོ་ཁུར་བྱེད་ཀྱི་ཡོད།