ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

བུ་ཆུང་ཆུང་ཞིག་གི་མི་སེམས་འགུལ་བའི་བརྙན་ལམ་ཞིག

2021-01-13 16:15:00     责编:桑吉卓玛

       ཉེ་སྔོན། བུ་ཆུང་ཞིག་གིས་རྒྱུགས་འབྲས་ལ་སྐར་མ97བླངས་པའི་འཕྲིན་བཟང་རང་གི་ཨ་མར་སྒྲོག་པའི་བརྙན་རིས་ཤིག་དྲ་ཐོག་ཏུ་རྒྱ་ཆེར་ཁྱབ་ཅིང་དྲ་གྲོགས་དུང་ཕྱུར་ལྷག་གི་དོ་ཁུར་དང་སྙིང་དགའ་བསུ་ཐོབ།

ཏིང་ཏང་གིས་བརྙན་མིག་བརྒྱུད་དེ་ཨ་མར་འཕྲིན་བཟང་སྒྲོག་པ།

       གསར་འགོད་པས་རྒྱུས་ལོན་བྱས་པ་ལྟར་ན། བརྙན་ལམ་ཁྲོད་འཆར་བའི་བབས་ཆགས་པའི་བུ་ཆུང་དེ་ནི་ཅང་སུའུ་ལེན་ཡོན་ཀང་གྲོང་ཁྱེར་ཧའེ་ཁུལ་ཤིན་པ་ལྟེ་བའི་སློབ་ཆུང་གི་སློབ་མ་ཞིག་ཡིན་པ་དང་། བུའི་ཨ་མ་མུའུ་ལགས་ཀྱིས་བརྙན་ལམ་སྐུར་བའི་ཐོག་མའི་ཀུན་སློང་ནི་བུ་ཆུང་རང་ཉིད་གཅིག་པུས་གསོ་སྐྱོང་བྱེད་སྐབས་ནམ་ཡང་སྤྲོ་སེམས་དང་འཚོ་བར་རེ་བ་བཅངས་པ་རྒྱུན་འཁྱོངས་བྱ་རྒྱུའི་ཆེད་ཡིན་ནའང་། བསམ་ཡུལ་ལས་འདས་པའི་ཚུར་སྣང་དྲག་པོ་བྱུང་སོང་ཞེས་བརྗོད་པ་རེད། 

 

 

 

       སྤྱི་ཟླ1པོའི་ཚེས8ཉིན། གསར་འགོད་པས་བརྙན་ལམ་སྐུར་མཁན་གྱི་བུད་མེད་མུའུ་ལགས་ལ་འབྲེལ་བ་བྱས་པ་ལྟར་ན། ཁོང་བུ་ད་ལོར་ལོ་7ཡིན་པ་དང་གཅེས་མིང་ལ་ཏིང་ཏང་ཟེར་ཞིང་ཧའེ་ཁུལ་ཤིན་པ་ལྟེ་བའི་སློབ་ཆུང་དུ་ལོ་རིམ་དང་པོ་འགྲིམ་བཞིན་ཡོད་པ་རེད། 

བརྙན་ལམ་ཁྲོད་ཀྱི་དོན་དག་ནི་སྤྱི་ཟླ1པོའི་ཚེས6ཉིན་གྱི་ཕྱི་དྲོར་སློབ་གྲྭ་གྲོལ་རྗེས་བྱུང་པ་ཞིག་རེད།

       རང་ཉིད་ཀྱི་ཉེ་འཁོར་གྱི་སྒོ་རྩིས་ཚོང་རར་ཞོར་ལས་གཉེར་བཞིན་ཡོད་པས་བུ་གཅིག་པུ་སྔོན་ལ་ཁྱིམ་དུ་ལོག་སྟེ་རྒྱུན་ལྡན་ལྟར་ཁྱིམ་ལ་སླེབས་མ་ཐག་ཨ་མར་བརྙན་ལམ་བཏང་བ་དང་། ཏིང་ཏང་གིས་ཉིན་དེར་བླངས་པའི་རྒྱ་ཡིག་གི་ཚོད་ལྟའི་རྒྱུགས་ཤོག་བླངས་ནས་ཨ་མར་སྐར་འབྲས་སྟོན་པ་མ་ཟད་“ཨ་མ་ལགས།  ངས་རྒྱུགས་འབྲས་སྐར་མ་97བླངས་སོང་། ཞེས་འཕྲིན་བཟང་བསྒྲགས། 

       འོན་ཀྱང་ཨ་མས་རྒྱུན་ལྡན་ལྟར་ཏིང་ཏང་ལ་བརྡ་ལན་མ་སྤྲད་པས་ཏིང་ཏིང་ཅུང་ཙམ་ཡིད་ཕམ། དེ་ནས་གོམ་པ་འགའ་ཕྱིར་ནུར་བྱས་རྗེས་ཡང་བསྐྱར་བརྙན་ཤེལ་ངོར་གཏད་དེ་རང་གི་རྒྱུགས་འབྲས་བཤད། ཨ་མས་སྔར་བཞིན་བརྡ་ལན་མ་སྤྲད། དེ་རྗེས་ཏིང་ཏང་ཧ་ཅང་བསམ་ཤེས་མཐོང་པོས་ཅོག་ཙེའི་མདུན་དུ་བསྡད་དེ་བློ་རྩེ་གཅིག་སྒྲིམ་ངང་སྦྱོང་ཚན་འབྲི་མགོ་བརྩམས།

སྐར་མ97བླངས་པའི་ཏིང་ཏང་གིས་རྒྱུགས་ཤོག

       བུད་མེད་མུའུ་ལགས་ཀྱིས་བཤད་པ་ལྟར་ན། ཉིན་དེར་རང་གི་ཁ་པར་ལ་གློག་རྫོགས་སོང་ལ། བུ་ཆུང་ལ་དུས་ལྟར་ཨ་ལན་སྤྲད་མ་ཐུབ་པས་བུ་ཆུང་བློ་ཕམ་དུ་བཅུག་སོང་། དོན་དེར་རང་ཉིད་ཀྱང་འགྱོད་སེམས་སྐྱེས་བྱུང་། ཁ་པར་ལ་གློག་བསོགས་ནས་བརྙན་ལམ་མཐོང་རྗེས་དུས་ཐོག་ཏུ་ཁྱིམ་དུ་ལོག་ནས་བུ་ཆུང་ལ་དགོངས་དག་ཞུས་ཤིང་རང་ཉིད་ལ་དྲན་སྐུལ་དང་སྐུལ་ལྕག་གཏོང་ཆེད་བརྙན་ལམ་དེ་དྲ་ཐོག་ཏུ་སྤེལ་ཡོད་པ་རེད།  

ཏིང་ཏང་གིས་ནན་ཏན་ངང་སྦྱོང་ཚན་འབྲི་བའི་ཚུལ། 

       བརྙན་རིས་སྤེལ་མ་ཐག་དྲ་གྲོགས་མང་པོས་དོ་ཁུར་བྱས་ཏེ་ཚང་མས་སྐད་ཆ་བཞག་ནས་མ་བུ་གཉིས་ལ་སྐུལ་ལྕག་བྱས་ཡོད་པ་རེད།  

       “བུ་ཆུང་ནི་ཧ་ཅང་བསམ་ཤེས་ཐུབ་པོ་འདུག་ལ། ཁྱེད་ཀྱང་ལས་སླ་པོ་ཞིག་མིན་པ་མཐོང་སོང་བས། རྒྱུས་མངའ་མེད་པའི་ཁྱེད་རང་མུ་མཐུད་དུ་ཤུགས་རྒྱོབས།”

       “མིག་ཟུང་མཆི་མས་བརླན་ཀྱང་གདོང་ལ་འཛུམ་གྱིས་ཁེངས་ཡོད། བུ་ཆུང་གི་ཁེར་རྐྱང་ལ་སྙིང་རྗེ་སྐྱེས་རུང་འབད་བརྩོན་ལས་སེམས་གསོ་ཐོབ་བྱུང་། གཅེས་ཕྲུག་ལགས་ཤུགས་རྒྱོབས། ཨ་མས་ཀྱང་ཤུགས་རྒྱོབས། ”

       དྲ་གྲོགས་རྣམས་ཀྱིས་དེ་ལྟར་སྐད་ཆ་བཞག་པས་བུད་མེད་མུའུ་ལགས་ཀྱིས་སྤྱི་ཚོགས་ཀྱི་དྲོད་སྐྱིད་དང་དྲང་ནུས་ཉམས་སུ་མྱོང་ཐུབ་པ་བྱུང་ཡོད། 

       བརྙན་ལམ་དེ་དྲ་རྒྱར་ཁྱབ་རྗེས་དྲ་གྲོགས་མི་ཉུང་བ་ཞིག་གིས་སྐད་ཆ་བཞག་སྟེ། ལ་ལས་མ་བུ་གཉིས་ལ་སྒོར་མོའི་སྐྱེས་དངུལ་སྟེར་འདོད་པ་དང་ལ་ལས་གྱོན་པ་སྟེར་འདོད་པ། ལ་ལས་བུ་ཆུང་ལ་ཞོར་ཟས་སྐུར་འདོད་པ་སོགས་ཡོད་ཀྱང་ཚང་མ་བུད་མེད་མུའུ་ལགས་ཀྱིས་དང་ལེན་མ་བྱས། རྒྱ་ཆེའི་དྲ་གྲོགས་རྣམས་ཀྱི་ཐུགས་ཁུར་ལ་ཨ་ལན་སློག་ཆེད་བུད་མེད་མུའུ་ལགས་ཀྱིས་ཡང་བསྐྱར་བརྙན་ལམ་གསར་བ་ཞིག་བཞག་ནས། བརྙན་ལམ་གསར་པ་འདི་སྐུར་དོན་ནི་རང་གི་འཚོ་བར་ཟིན་ཐོ་ཙམ་འགོད་བསམ་པ་དང་དཀའ་ངལ་དང་ཀྱག་ཀྱོག་གི་ལམ་བུ་ཅི་ཞིག་འཕྲད་ཀྱང་དེའི་མདུན་ནས་ཕྱིར་ནུར་དང་མགོ་བོ་མི་སྒུར་བ་དང་།  རང་ཉིད་ཀྱི་བུ་ཆུང་ལ་སྙིང་རྗེ་བའི་མི་བུ་ཡོད་ཚད་ལ་བཀའ་དྲིན་ཆེ་ཞུ་བ་དང་ཆབས་ཅིག། དཀའ་སྡུག་དང་བར་ཆད་མང་པོར་འཕྲད་མྱོང་རུང་མ་བུ་གཉིས་ཀྱིས་མ་འོངས་འཚོ་བར་རེ་བ་དང་སྤྲོ་སེམས་ཀྱིས་ཁེངས་ཡོད་ལུགས་མཚོན་པར་བྱ་ཆེད་ཡིན་པ་རེད།  

བུད་མེད་མུའུ་ལགས་དང་ཁོང་གི་བུ་ཆུང་། 

       ཨ་མའི་སེམས་ནས་ཏིང་ཏང་ནི་བསམ་ཤེས་ཐུབ་ལ་རང་ཚུགས་ཐུབ་པའི་བྱིས་པ་ཞིག་ཡིན་ཏེ། ལོ་གཉིས་དང་ཕྱེད་ཀ་ཙམ་ནས་ཐུར་མ་བཟུང་ནས་ཟ་མ་ཟ་ཐུབ་པ་དང་ལོ་4སྟེང་ནས་རང་ཉིད་ཀྱིས་ཁ་ལག་བླུགས་ཐུབ། ལོ་6གི་སྟེང་དུ་གོས་འཕྲུལ་འཕྲུལ་འཁོར་སྤྱད་ནས་གྱོན་ཆས་ཀྱང་བཀྲུ་ཐུབ། ལོ་7གྱི་སྟེང་ཨ་མར་ཟ་མ་བཟོ་རོགས་དང་དཀར་ཡོལ་སོགས་བཀྲུ་རོགས་བྱེད་ཐུབ། ཁོང་གིས།  ”གྲོང་རྡལ་དུ་གླ་ཕོག་དམའ་རུང་ང་གྲོང་ཁྱེར་དུ་འགྲོ་འདོད་མེད། རང་ཁྱིམ་དང་བར་ཐག་ཤིན་ཏུ་རིང་ན་བྱིས་པ་གསོ་སྐྱོང་བྱེད་མི་ཐུབ་ལ། བུས་རྒྱུན་དུ་ང་ལ། ཨ་མ་ལགས་ཁྱེད་རང་ཕྱག་ལས་ལ་ཐད་ཅིག་ང་སྣང་དག་མེད་ཅེས་ཟེར་གྱི་ཡོད་ཅེས་བཤད་པ་རེད། 

       ད་ལྟ། རང་ཉིད་ཀྱི་ལག་ཟུང་ལ་བརྟེན་ནས་བུད་མེད་མུའུ་ལགས་ཀྱིས་ཤིན་པ་གྲོང་རྡལ་ནས་ཐོག་ཁང་གསར་པ་ཞིག་ཉོས་ཡོད་པ་མ་ཟད་སེན་མོ་མཛེས་བཟོ་ཁང་ཞིག་ཀྱང་བཙུགས་ཡོད། ན་ནིང་བུ་ཆུང་ཏིང་ཏང་ལོ་རིམ་དང་པོར་སླེབས་པ་དང་ཕྱི་དྲོའི་ཆུ་ཚོད་གསུམ་པ་ཡས་མས་སུ་སློབ་གྲྭ་གྲོལ་གྱིན་ཡོད། ཞོར་ལས་ལས་བཞིན་པའི་བུད་མེད་མུའུ་ལགས་ཀྱིས་དུས་ལྟར་བུ་ལེན་མི་ཐུབ་པས་འགྲུལ་ཁང་ནས་ཏུའུ་360འཁོར་ཐུབ་པའི་བརྙན་མིག་ཅིག་བཙུགས་ཏེ་ཉིན་རེའི་ཕྱི་དྲོའི་ཆུ་ཚོད་3དང་སྐར་མ་45སྟེང་ཁ་པར་ལ་སྤྲེལ་ནས་བུ་ཆུང་བདེ་འཇགས་ངང་ཁྱིམ་དུ་ལོག་ཡོད་མེད་ལ་བལྟ་གིན་ཡོད། 

       ཉིན་རེར་སློབ་གྲྭ་གྲོལ་རྗེས་བུ་ཆུང་ཏིང་ཏང་གིས་བརྙན་མིག་བརྒྱུད་ནས་ཨ་མར་ཁ་བརྡ་འགའ་བྱེད་པ་ནི་ཉིན་གཅིག་གི་ནང་ཆེས་མཛད་སྒོ་རང་བཞིན་གྱི་དུས་སྐབས་ཤིག་ཡིན། ཏིང་ཏང་གིས་ཨ་མར་རྒྱུས་ལོན་བྱས་ཏེ་བྱིས་པ་གཞན་དག་དང་ཡེ་ནས་མི་འདྲ་བར་བྱ་དགའ་དགོས་པའི་རེ་བ་མི་བཏོན་ལ། སྐབས་འགར་སྒོ་རྩིས་ཚོང་རར་ཁྲིད་ཀྱང་ཁོས་རྩེད་ཆས་ཡོད་པའི་ཞོར་ཟས་གོང་སླ་མོའི་རིགས་མ་གཏོགས་གཞན་པ་དགོ་མི་ཟེར།

       བུད་མེད་མུའུ་ལགས་ཀྱིས།  “ ང་ནི་བཟའ་ཚང་ཐོར་བའི་ཁྱིམ་ཚང་ཞིག་ཡིན་རུང་དཀའ་ཁག་ལ་ཁ་གཡར་ནས་མ་འོངས་བར་ཡིད་ཆད་ན་ག་ལ་འགྲིག  རང་ཉིད་ཀྱི་ཆེས་ཆེ་བའི་རེ་བ་ནི་བུ་ཆུང་འདི་མི་ཚད་ལྡན་ཞིག་དང་རང་ཚུགས་ཡོད་པའི་མི་ཞིག་ཏུ་གསོ་སྐྱོང་བྱ་རྒྱུ་དེ་ཡིན།”ཟེར། 

 

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ཞུ་དག བསྟན་འཛིན་དབང་ཕྱུག 

སྒྲིག་སྒྱུར། སྙན་དབྱངས།

 

中央广播电视总台 央广网 版权所有

བུ་ཆུང་ཆུང་ཞིག་གི་མི་སེམས་འགུལ་བའི་བརྙན་ལམ་ཞིག

ཉེ་སྔོན། བུ་ཆུང་ཞིག་གིས་རྒྱུགས་འབྲས་ལ་སྐར་མ97བླངས་པའི་འཕྲིན་བཟང་རང་གི་ཨ་མར་སྒྲོག་པའི་བརྙན་རིས་ཤིག་དྲ་ཐོག་ཏུ་རྒྱ་ཆེར་ཁྱབ་