ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

ང་ལོ་གསར་གཏོང་བར་ལོག་རྩིས་མེད། ཁྱེད་རང་གང་འདྲ་བྱེད་རྩིས་ཡོད།

2021-01-13 16:14:00     责编:桑吉卓玛

འདི་ལོ་ང་ལོ་གསར་གཏོང་བར་ལོག་རྩིས་མེད།  ཁྱེད་རང་གང་འདྲ་་བྱེད་རྩིས་ཡོད།

ཨ་མ་ལགས། ངས་སྤ་སེ་ཕྱིར་བསློགས་པ་ཡིན། ལོ་སར་སྐབས་ནང་ལ་ལོག་ཡོང་གི་མིན།

        བདེ་འཇགས་ཨང་དང་པོ་རེད། ལོག་མ་ཐུབ་ན་མ་ལོག་ན་ལེགས། དེ་ལྟར་བྱས་ཚེ་ང་ཚོ་ཡང་སེམས་བདེ་བ་འདུག །

       དཔྱིད་གསར་དུས་ཆེན་ནི་ཀྲུང་གོ་བ་ཞིག་ལ་མཚོན་ན་ལོ་གཅིག་ནང་གི་ལྷན་འཛོམས་ཀྱི་དུས་ཚོད་ཆེས་གལ་ཆེན་དེ་ཡིན་ཞིང་། དཔྱིད་གསར་དུས་ཆེན་ལ་ཕ་ཡུལ་དུ་ལོག་ནས་ལྷན་འཛོམས་བྱེད་པ་ནི་ཀྲུང་གོ་བའི་སྲོལ་རྒྱུན་ཡིན། ལོ་རེའི་དཔྱིད་གསར་དུས་ཆེན་སྔ་རྗེས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་འཚང་ཁ་དེས། མི་རྣམས་ཡུལ་ལ་ལོག་པའི་ཆོད་སེམས་བརྟན་པོ་མཚོན་ཡོད།

       ཡིན་ནའང་། གློ་བུར་དུ་ཐོན་པའི་རིམས་ནད་ཀྱིས་སྤྱི་ལོ་2020ལོའི་ལོ་སར་ནི་ཐུན་མོང་མ་ཡིན་པའི་ལོ་ཞིག་ཏུ་བསྒྱུར། ལོ་གཅིག་གི་སྔོན་ལ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཚོད་བགམ་ཆེན་པོའི་མདུན་དུ། ཀྲུང་གོ་བ་མང་ཆེ་བས་དཔྱིད་གསར་དུས་ཆེན་ལ་ནང་ལ་ལོག་རྒྱུའི་འཆར་གཞི་རྒྱབ་ཏུ་བཞག་ཅིང་། འདུ་འཛི་ཆེ་བའི་གྲོང་ཁྱེར་ཁག་རེ་ཞིག་ལྷིང་འཇགས་སུ་གྱུར།  མི་རྣམས་ཀྱིས་མི་སྒེར་གྱི་སྐྱིད་སྡུག་དང་། སྤྱིར་གྱི་ཁེ་ཕན།  རྒྱལ་ཁབ་ཀྱི་བདེ་སྡུག་བཅས་རྩ་བར་འཛིན་ནས། རང་རྟོགས་ངང་ཕན་ཚུན་འགྲོ་འོང་མི་བྱེད་པ་དང་འདུ་འཛོམས་མི་བྱེད་པ། ཕྱི་ལ་འགྲོ་དུས་ཁ་རས་གྱོན་པ་བཅས་བྱས་ནས། ཟླ་བ་གཅིག་ལྷག་གི་དུས་ཚོད་ནང་རིམས་ནད་མུ་མཐུད་རྒྱ་ཆེར་ཁྱབ་པའི་གནས་ཚུལ་ལ་ཐོག་མའི་ཚོད་འཛིན་བྱས་པ་དང་། ཟླ་བ་གསུམ་ནང་རྒྱལ་ཡོངས་ཀྱི་རིམས་འགོག་དམག་འཐབ་ཀྱི་འཐབ་ཇུས་གྲུབ་འབྲས་གལ་ཆེན་བླངས་པ་རེད།

       ཉེ་ཆར། རྒྱལ་ནང་གི་ས་ཆ་མང་པོར་ཡང་བསྐྱར་ཏོག་གསར་གློ་ཚད་ནད་པ་ཐར་ཐོར་ཐོན་པས། རིམས་ནད་གནས་བབ་དེ་སླར་ཡང་མི་རྣམས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་དོ་ཁུར་བྱེད་ཡུལ་དུ་གྱུར། དཔྱིད་གསར་དུས་ཆེན་སླེབས་ལ་ཉེ་བས། ཡུལ་ལ་ལོག་པའམ་ཡང་ན་ལས་ཀ་བྱེད་ཡུལ་དུ་ལོ་སར་གཏོང་བའི་གདམ་ག་སྟེ། ལྷན་འཛོམས་དང་བདེ་འཇགས་ཀྱི་འགལ་བ་དེ་མི་རྣམས་ཀྱི་བློ་ངོ་ནས་ཡལ་ཐབས་བྲལ།

       ཉིན་ཤས་བསྟུད་མར། ས་གནས་མང་པོས་ས་གནས་རང་དུ་བསྡད་ནས་དགོས་གལ་ཆེན་པོ་མེད་ཚེ་ཡུལ་ལ་མི་ལོག་པའི་སྐུལ་མ་བཏང་ཡོད།

       ང་ཚོ་མི་རེ་ངོ་རེར་མཚོན་ན། ནང་མིའི་བདེ་ཐང་ནི་ཁྱིམ་དུ་ལོག་ནས་ལོ་གསར་གཏོང་རྒྱུ་ལས་ཀྱང་ཤིན་ཏུ་གལ་ཆེན་ཞིག་ཡིན་པ་མ་ཟད། མིག་སྔའི་རིམས་འགོག་སྒྲིག་སྲོལ་འོག་ཏུ་ཕ་ཡུལ་ལ་ལོག་སྐབས་ཉིང་སྐྱུར་ཞིབ་བཤེར་ཚད་ལེན་དང་ལོག་བཀར་སོགས་རིམས་འགོག་བླང་བྱ་དང་ལེན་བྱེད་དགོས་ལ། ད་དུང་ནང་མིའི་བདེ་ཐང་ལ་མངོན་མེད་ཉེན་ཁ་ཡང་བཟོ་སྲིད་པས། གནས་ཚུལ་འདི་འདྲའི་འོག་ས་གནས་རང་དུ་ལོ་སར་གཏོང་རྒྱུ་བྱས་ཚེ། ལྷན་འཛོམས་མ་བྱུང་བའི་འགྱོད་པ་ཆུང་ངུ་ཡོད་ནའང་ནང་མི་ཡོངས་ཀྱི་བདེ་ཐང་ལ་ཁག་ཐེག་བྱས་པ་ཞིག་རེད།

       ཁྱིམ་ཆུང་ངུ་བསྐྱུར་ནས་ཁྱིམ་ཆེན་པོ་བསམ་པ་དེས་མི་རེ་རེའི་སྤྱི་ཚོགས་འགན་འཁྲིའི་འདུ་ཤེས་མངོན་པ་མ་ཟད། དོན་སྙིང་གཞན་ཞིག་གི་ངོས་ནས་བརྗོད་ན། ནང་ལ་མ་ལོག་པ་དེ་ཡང་རིམས་ནད་འགོག་རྒོལ་ལ་བྱས་རྗེས་བཞག་པ་ཞིག་ཡིན། 

       ཐུན་མོང་མ་ཡིན་པའི་དགུན་དུས་འདི་དང་ཐུན་མོང་མ་ཡིན་པའི་ལོ་འདིར། དུས་ཆད་དང་འདུ་འཛོམས་ལས་ཡོལ་ནས་དྲ་ལམ་དུ་ལྷན་འཛོམས་བྱའོ། །

       ལོ་གསར་སླེབས་པར་ད་དུང་ཉིན་29ཡོད། ད་ལོ། ཁྱེད་ཀྱིས་གང་དུ་ལོ་སར་གཏོང་རྩིས་ཡོད།

 

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ཞུ་དག བསྟན་འཛིན་དབང་ཕྱུག 

ཡིག་སྒྱུར། ཀླུ་འབུམ།

中央广播电视总台 央广网 版权所有

ང་ལོ་གསར་གཏོང་བར་ལོག་རྩིས་མེད། ཁྱེད་རང་གང་འདྲ་བྱེད་རྩིས་ཡོད།

ཨ་མ་ལགས། ངས་སྤ་སེ་ཕྱིར་བསློགས་པ་ཡིན། ལོ་སར་སྐབས་ནང་ལ་ལོག་ཡོང་གི་མིན།