ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

བོད་ཀྱི་རི་མོ་འདི་འདྲ་མཐོང་མྱོང་ངམ།

2019-10-09 09:18:00     责编:卓玛才让

སྤྱི་ཟླ་10ཚེས་8ཉིན་གྱི་སྔ་དྲོར། བོད་ལྗོངས་ཀྱི་རས་བྲིས་གར་ཚོན་གྱི་བརྩམས་ཆོས་འགྲེམ་སྟོན་བོད་ལྗོངས་དབུ་ལམ་སྒྱུ་རྩལ་ལྟེ་གནས་སུ་སྤེལ་འགོ་བརྩམས་ཡོད། ད་ཐེངས་ཀྱི་འགྲེམ་སྟོན་ཐོག་སྐུ་ཞབས་ཧན་ཧྲུའུ་ལིའི་བརྩམས་ཆོས་ཁག་དང་ཁོང་གི་སློབ་མ་ཚེ་རིང་རྣམ་རྒྱལ་དང་གླང་མདུན་བདེ་སྒྲོན་བཅས་ཀྱིས་བགྲང་བྱ་ལྔའི་རིང་ལྷན་དུ་གསར་རྩོམ་གནང་བའི་རས་བྲིས་གར་ཚོན་བརྩམས་ཆོས་གཟིགས་མོ་བ་རྣམ་པར་སྤྱན་བསྟར་ཞུས་ཡོད།

    སྤྱི་ལོ་1973ལོར། སྐུ་ཞབས་ཧན་ཧྲུའུ་ལི་པེ་ཅིང་ནས་ལྷ་སར་ཕེབས་ཤིང་མཐོ་སྒང་གི་ཞིང་ས་གཤིན་པོར་སྒྱུ་རྩལ་གསར་རྩོམ་གྱི་རྨོ་འདེབས་གནང་འགོ་བཙུགས། ལོ་ཟླའི་འགྲོས་དང་བསྟུན་ནས་བོད་ཡུལ་གྱི་མཛེས་རིག་སྣ་ཚོགས་ལ་ཉམས་ཞིབ་ཉམས་ལེན་གནང་བ་དང་།  ཁོང་གིས་ཨ་མདོ་བྱམས་པ་སོགས་ཕུལ་བྱུང་རི་མོའི་སྒྱུ་རྩལ་བའི་གསར་འབྱེད་བྱ་ཐབས་རྒྱུན་འཛིན་གནང་ནས་དངོས་ཡོད་རིང་ལུགས་ཀྱི་སྙིང་སྟོབས་དང་འཆར་ཡན་རིང་ལུགས་ཀྱི་བརྩེ་སེམས་གཅིག་ཏུ་སྦྲེལ་ནས་རས་བྲིས་གར་ཚོན་འདི་བོད་ཀྱི་རི་མོའི་སྒྱུ་རྩལ་གྱི་གྲུབ་ཆ་ཞིག་ཏུ་འགྱུར་བར་མཛད་ཡོད།

    སྤྱི་ལོ་2008ལོར། སྐུ་ཞབས་ཧན་ཧྲུའུ་ལིའི་རས་བྲིས་གར་ཚོན་གྱི་བརྩམས་ཆོས་གྲགས་ཅན་༼མ་གོས་པ་༽འདི་གསར་རྩོམ་ལེགས་གྲུབ་བྱུང་བ་དང་། 2010ལོར། པ་ཏྲ་དུང་དཀར་སྤྱི་གཉེར་ཁང་གིས་སེམས་ཤུགས་ཡོད་རྒུས་འཛུགས་སྐྲུན་དང་བཟོ་བཀོད་གྱི་མཛེས་པ་དང་ཡི་གར་བསྐྱར་དུ་འགྲེལ་བཤད་གནང་ནས་ལྷ་ས་སྐྱིད་ཆུའི་འགྲམ་དུ་དབུ་ལམ་སྒྱུ་རྩལ་ལྟེ་གནས་བཙུགས་པ་དང་། སྐུ་ཞབས་ཧན་ཧྲུའུ་ལིའི་བརྩམས་ཆོས་༼མ་གོས་པ་༽འདི་ཡང་རས་ངོས་ནས་སྒྱུ་རྩལ་ལྟེ་གནས་གྱི་བར་ཁམས་སུ་སྤོ་བསྒྱུར་གནང་ཡོད།

    སྤྱི་ལོ་2009ལོར། བོད་རང་སྐྱོང་ལྗོངས་རྩོམ་རིག་ལྷན་ཚོགས་ཀྱི་ཀྲུའུ་ཞི་བཀྲ་ཤིས་ཟླ་བ་ལགས་ཀྱིས་གྲོས་འགོ་བཏོན་པ་དང་། པ་ཏྲ་དུང་དཀར་གྱི་སྤྱི་གཉེར་ཞུས་དབྱིན་ལུང་ནས་རྩ་འཛུགས་གནང་སྟེ། སྐུ་ཞབས་ཧན་ཧྲུའུ་ལི་དང་ཁོང་གི་སློབ་མ་ཚེ་རིང་རྣམ་རྒྱལ་དང་གླང་མདུན་བདེ་སྒྲོན་ནས་དུས་ཡུན་ལོ་ལྔའི་རིང་ལ་སྨི་23.5ཡོད་པའི་རས་བྲིས་གར་ཚོན་བརྩམས་ཆོས་༼རི་མོའི་ཐོག་གི་བོད་ཡུལ་༽ཞེས་པ་འབྲི་བཞེངས་གནང་ཡོད།

    སྤྱི་ལོ་2019ལོའི་ཟླ་བ་བཅུ་པའི་ཚེས་བརྒྱད་ཉིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་བཀྲ་ཤིས་རྟེན་འབྲེལ་ཞུ་ཆེད། སྐུ་ཞབས་ཧན་ཧྲུའུ་ལིས་ཇུས་འགོད་གནང་བ་དང་། བོད་ལྗོངས་དབུ་ལམ་རིག་གནས་སྒྱུ་རྩལ་སློབ་གསོའི་ཐེབས་རྩ་ཚོགས་པས་གཙོ་སྒྲུབ་གནང་བའི༼མ་གོས་པ། བོད་ལྗོངས་ཀྱི་སྐབས་དང་པོའི་རས་བྲིས་གར་ཚོན་གྱི་བརྩམས་ཆོས་འགྲེམ་སྟོན༽དེ་དབུ་ལམ་སྒྱུ་རྩལ་ལྟེ་གནས་སུ་འགྲེམ་འགོ་བརྩམས་ཡོད་པ་དང་། ༼རི་མོའི་ཐོག་གི་བོད་ཡུལ་༽ཞེས་པ་ལྟ་བུ་རི་མོའི་སྒྱུ་རྩལ་བ་གྲགས་ཅན་དག་གི་རས་བྲིས་གར་ཚོན་རི་མོ་བརྒྱ་ལྷག་གིས་མཐོ་སྒང་གི་མཛེས་པ་དང་། སྒྱུ་རྩལ་གྱི་སྙིང་པོ་མངོན་པར་བྱས་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

གསར་འགོད་པ། བདེ་གཡང་། 

中央广播电视总台 央广网 版权所有