ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

བཅོས་སྐྱོང་རྨང་གཞི་བརྟན་དུ་གཏོང་བ་སྟེ། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་བྱེད་བཞིན་པ།

2021-01-13 09:35:00     责编:卓玛才让

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཉེ་བའི་ལོ་ཤས་རིང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་དང་། སྤྱི་ལོ་2019ལོར་ཁག་དང་པོའི་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་གི་དཔེ་སྟོན་ས་ཁུལ་གྱི་དཔྱད་དཔོག་གཏན་འཁེལ་འགོ་ཚུགས་པ་དང་། དེའི་ནང་ཧྥུའུ་ཅན་ཞིང་ཆེན་ཞ་མོན་གྲོང་ཁྱེར་དང་། སི་ཁྲོན་ཞིང་ཆེན་ལུའུ་ཀྲོའུ་གྲོང་ཁྱེར། པེ་ཅིང་གྲོང་ཁྱེར་ཧའེ་ཏན་ཁུལ་སོགས་ཚུད་ཡོད། ཉེ་ཆར་རྒྱལ་ཡོངས་ས་གནས་ཁག་ཏུ་ཁྲིམས་སྐྱོང་བགྲོད་ལམ་གཏིང་ཟབ་དང་དོན་དམ་གྱི་ཕྱོགས་སུ་ཟམ་མི་ཆད་པར་སྐྱོད་བཞིན་པས། རིམས་ནད་ཁྲོད་ལམ་ལུགས་ཀྱི་བཟང་ཆ་མངོན་པ་མ་ཟད། ཕུགས་ཕན་ལམ་སྲོལ་གྱི་སྣེ་ཁྲིད་འོག་ཚོང་གཉེར་ཁོང་ཡུག་མངོན་གསལ་དོད་པོས་ལེགས་བཅོས་བྱུང་ཞིང་། སྲིད་འཛིན་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་ཀྱི་གོམ་སྟབས་བརྟན་ཞིང་སྐྱོན་བྲལ་བ་མ་ཟད། མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་ཀྱང་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད།

ཞ་མོན་དུ། ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་བཟང་པོ་དེ་ཉིད་ཁེ་ལས་གཞིས་ཚུགས་རྒྱུ་ཡིད་འགུགས་བྱེད་པའི་རྒྱུ་རྐྱེན་གལ་ཆེན་ཞིག་ལ་འགྱུར་ཡོད། ཧན་ཐན་ཐན་ཁྲེང་གློག་རྡུལ་ཚན་རྩལ་ཞ་མོན་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་སྤྱི་གཉེར་ཧྥེང་ཀན་གྱིས། མ་གཞི་ཁེ་ལས་ཀྱི་གཞི་ཁྱོན་དེ་ཙམ་ཆེན་པོ་མེད་མོད། འོན་ཀྱང་གྲོང་ཁྱེར་གྱི་འགོ་ཁྲིད་དང་ཚན་པ་ཁག་འབྲེལ་མཐུད་བྱས་ཏེ་དཀའ་ངལ་སྣ་ཚོགས་ཐག་གཅོད་བྱེད་ཀྱི་ཡོད། དེ་ཡང་ཆེ་བ་གཞུང་དོན་སྒྲུབ་ས་གསར་པ་གསར་སྐྲུན་བྱེད་པ་ནས་ཆུང་བ་ལས་མིའི་འཚོ་བའི་གནད་དོན་བར་བྱ་ཐབས་རབ་དང་རིམ་པ་བཟུང་བས་ཁེ་ལས་གཞི་ཚུགས་ཏེ་བློ་བདེ་བག་ཕེབས་ངང་འཕེལ་རྒྱས་བྱས་ཡོད་ཅེས་བསྟན་ཡོད་པ་རེད།

ན་ནིང་ལོ་སྟོད་དུ་ལས་འགོ་བསྐྱར་འཛུགས་བྱས་པའི་ཉིན་དང་པོའི་རྣམ་པ་དྲན་གསོ་བྱེད་སྐབས། ཧྥེང་ཀན་གྱིས་ཚོར་སྣང་ཟབ་མོའི་ངང་། རིམས་ནད་རྐྱེན་གྱིས་ལས་མི་ཕྱིར་ལོག་དཀའ་བའི་གནད་དོན་འཕྲད་པའི་ཁེ་ལས་མངོ་པོ་ཡོད། འོན་ཀྱང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་དང་། ཁྲོམ་རའི་ལྟ་སྐུལ་དོ་དམ་སོགས་སྡེ་ཚན་གྱིས་ང་ཚོར་ཐག་གཅོད་བྱེད་རོགས་བྱས་བྱུང་། ལས་མི་50ལྷག་བདེ་བླག་ངང་བཟོ་གྲྭའི་ནང་ལོག་ནས་ལས་འགོ་བསྐྱར་འཛུགས་བྱས་པ་དང་། རླངས་འཁོར་དང་ཆེད་སྤྱོད་མེ་འཁོར། ཐ་ན་ཆེད་གཏོང་གནམ་གྲུ་བཅས་གླས་པ་དང་། ད་དུང་ཉལ་ཁང་དང་ཁ་རས། ཚ་བ་དཔྱད་ཆས་བཅས་ལ་སེམས་ཁྲལ་བྱེད་དགོས་མ་བྱུང་ཞེས་བཤད་ཡོད་པ་རེད།

ཧན་ཐན་ཐན་ཁྲེང་ནི་ཁྲིམས་སྐྱོང་འགན་སྲུང་གི་ཁེ་ཕན་ཐོབ་མཁན་གྱི་གྲས་ཤིག་ཡིན། ཞ་མན་གྲོང་ཁྱེར་གྱིས་2015ལོ་ནས་རྒྱལ་སྤྱིའི་ཚོང་གཉེར་ཁོར་ཡུག་རྩེ་གྲ་འཛུགས་སྐྲུན་བྱེད་འགོ་ཚུགས་ཏེ་ཁྲིམས་སྐྱོང་གི་ནུས་པར་བརྟེན་ནས་ཁྱབ་ཁོངས་ཁག་གི་སྒྱུར་བཅོས་ཆེན་པོར་སྐུལ་འདེད་བཏང་ཡོད། ན་ནིང་རིམས་ནད་ཐོན་པའི་སྐབས་སུ། ས་གནས་དེ་གའི་སྲིད་གཞུང་གིས་མི་སྣ་སྒྲིག་འཛུགས་བྱས་ཏེ་ཁེ་ལས་མང་པོར་བརྟག་དཔྱད་ཞིབ་འཇུག་བྱེད་པར་བསྐྱོད་པ་དང་། ཁྲལ་འཕྲི་གྲོན་གཅོག་དང་། སྐྱེད་གསབ་དཀའ་སེལ་སོགས་ཀྱི་བྱ་ཐབས་བཏོན་ནས་ལས་འགོ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོ་ཡོང་རྒྱུར་རམ་འདེགས་བྱས་ཡོད།

བབ་བསྟུན་གནས་བབ་འོག་ཡིན་ནའང་འདྲ། རྒྱུན་རྣམ་ཅན་གྱི་སྤྱི་ཚོགས་བཅོས་སྒྲིག་ཁྲོད་ཡིན་ནའང་འདྲ། ཁྲིམས་ལྟར་སྲིད་འཛིན་བྱེད་རྒྱུ་ཁྱབ་ཁོངས་ཁག་ཚང་མར་མངོན་འགྱུར་བྱུང་ཡོད།

པེ་ཅིང་གྲོང་ཁྱེར་ཧའེ་ཏན་ཁུལ་གྲོང་ཁྱེར་དོ་དམ་ཞབས་ཞུ་བཀོད་འདོམས་ལྟེ་གནས་ཀྱི་རྒྱང་སྟེང་དུ་བཀལ་ཡོད་པའི་གློག་རྡུལ་བརྙན་ཤེལ་བཅུ་གྲངས་ལས་འགྲིམ་འགྲུལ་དང་། གྲོང་ཁྱེར་གྱི་རྣམ་པ། ཁོར་ཡུག་སོགས་ཁྱབ་ཁོངས་ཀྱི་རིག་ནུས་ཅན་གྱི་རྣམ་པ་མཐོང་ཐུབ་པ་དང་། དེ་ནི་སྤྱི་ཚོགས་བཅོས་སྐྱོང་ཁྲོད་ཀྱི་གྲོང་ཁྱེར་གཅིག་གི་ཀླད་པ་དང་ཤིན་ཏུ་འདྲ་པོ་ཡོད།

མ་ལག་དེས་འགུལ་རྣམ་ཅན་གྱི་ལྟ་སྐུལ་ཚད་ལེན་དང་། རྗེས་འདེད། ཉེན་་བརྡ་གཏོང་བ་སོགས་ཀྱི་ཞབས་ཞུ་བསྒྲུབ་ཐུབ་པ་དང་། དེས་རིམ་ཁག་ལས་རིགས་དོ་དམ་ཚན་པ་དང་། ཁོངས་གཏོགས་ས་ཆའི་ཚན་པ། སྤྱི་ཚོགས་ཚན་པ། དེ་བཞིན་སྤྱི་དམངས་བཅས་གནས་བཞི་གཞི་གཅིག་ཏུ་བསྡུས་པའི་ལངས་གཟུགས་ཅན་དང་རྒྱུན་རྣམ་ཅན་གྱི་སྔོན་འགོག་ཚོད་འཛིན་མ་ལག་བསྐྲུན་ཡོད།

ཧའེ་ཏན་ཁུལ་གྲོང་ཁྱེར་དོ་དམ་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རིན་ལི་ཝེ་ཡིས། བཅོས་སྐྱོང་ཆུ་ཚད་མཐོ་རུ་གཏོང་ཆེད། ཧའེ་ཏན་ཁུལ་གྱིས་གྲངས་གཞི་ཆེན་མོའི་ལག་རྩལ་ཕྱོགས་བསྡུས་བེད་སྤྱོད་བྱས་ནས། ཚན་པ་མང་པོའི་གྲངས་གཞིའི་ཆ་འཕྲིན་དུས་ཐོག་མཉམ་སྤྱོད་བྱས་པ་དང་། དེའི་ཁྲོད་ལག་རྩལ་སྟེགས་བུ་དང་། གྲོང་ཁྱེར་དོ་དམ། སྤྱི་པའི་བདེ་འཇགས། སྐྱེ་ཁམས་ཁོར་སྲུང་། གྲོང་ཁྱེར་འགྲིམ་འགྲུལ་སོགས་ཁྱབ་ཁོངས་ཆེ་བ་ལྔ་ཚུད་ཡོད་ཅེས་གསུངས་ཡོད།

འཆར་ཅན་གྱི་སྐོར་ཞིབ་ཐེངས་གཅིག་གི་ཁྲོད། དྲ་མིག་དོ་དམ་མི་སྣ་ཀྲའོ་ཅུན་གྱིས་ཧའེ་ཏན་ཁུལ་ཙི་ཀྲའུ་ཡོན་ཁྲོམ་ལམ་ཝེ་ཀུང་ཚུན་ལམ་གྱི་ལྷོ་ངོས་སྨི་200ཡི་སར་ཡོད་པའི་ཁྲོན་པ་གཅིག་གི་ཁེམས་གཅོད་བརླག་པ་ཤེས་རྟོགས་བྱུང་ནས་ཆ་འཕྲིན་དེ་འཕྲལ་མར་དྲ་ཐོག་ཏུ་སྤེལ་བས། “གྲོང་ཁྱེར་གྱི་ཀླད་པ”ཞེས་འབོད་པའི་གློག་རྡུལ་ཆ་འཕྲིན་བརྙན་ཤེལ་གྱི་རོགས་རམ་འོག དུས་ཐུང་ཆུ་ཚོད་4ཡི་ནང་བོར་བརླག་ཤོར་བའི་ཁྲོན་པའི་ཁེབས་གཅོད་དེ་ཚུར་རག་ཡོད་པ་རེད།

ཉེ་ཆར། སི་ཁྲོན་ཞིང་ཆེན་ལུའུ་ཀྲོའུ་གྲོང་ཁྱེར་ཅང་ཡང་ཁུལ་དམངས་སྲིད་ཅུད་ཀྱི་གཉེན་སྒྲིག་ཐོ་འགོད་ཁྲུའུ་རུ། གྲོང་མི་ལི་མའོ་ཡིས་སྐར་མ་20ཙམ་གྱི་ནང་བོར་བརླག་ཤོར་བའི་གཉེན་སྒྲིག་དཔང་ཡིག་བསྐྱར་ལེན་ཐུབ་ཡོད་པ་དང་། ཐེངས་འདིའི་དམངས་ལ་སྟབས་བདེ་བསྐྲུན་པའི་ཉམས་ལེན་དེ་ནི་མི་རིང་བའི་གོང་ལུའུ་ཀྲོའུ་གྲོང་ཁྱེར་དུ་ལག་ལེན་བྱེད་མ་ཐག་པའི་དཔང་ཡིག་མི་དགོས་པའི་གྲོང་ཁྱེར་བཀོལ་སྤྱོད་མ་ལག་ཅེས་པའི་ཕན་པ་ཐོབ་པ་ཞིག་ཡིན།

དེ་སྔོན་ཡིག་ཚགས་གསབ་གཉེར་བྱེད་པར་ཚན་པ་དང་ལས་ཁུངས་ཁག་གི་མཆན་འགོད་བཀའ་ལན་དགོས་ཀྱི་ཡོད་པ་དང་། འགྲོ་ལུགས་རྙོག་དྲ་ཆེ་ཞིང་དུས་ཚོད་རིང་པོ་འགོར་གྱི་ཡོད། ད་ཆ་གཉེན་དོན་འབྲེལ་བའི་དཔང་ཡིག་མི་དགོས་པ་བཟོས་ཤིང་། གཉེན་སྒྲིག་ལག་ཁྱེར་གསབ་ལེན་བྱེད་སྐབས་དོ་བདག་གིས་ཁས་ལེན་ཡི་གེར་མིང་རྟགས་འགོད་པ་ཁོ་ནས་ཆོག་ཅིང་། དེ་བྱིངས་ཀྱི་དཔང་ཡིག་དཔྱད་ཡིག་ཚང་མ་སྡེ་ཁག་ཁག་བར་མཐུན་སྦྱོར་བྱས་ནས་དཔྱད་ཞིབ་བྱེད་ཆོག་གི་ཡོད།

དཔང་ཡིག་མི་དགོས་པའི་གྲོང་ཁྱེར་ཞེས་པ་ནི་དཔང་ཡིག་གང་ཡང་མི་དགོས་པ་ཞིག་རྩ་བ་ནས་མ་ཡིན་པར། དེ་ནི་ཁེ་ལས་དང་མང་ཚོགས་ཀྱིས་དཔང་ཡིག་ལེན་པར་འགྲོ་མི་དགོས་པར་ཟེར་གྱི་ཡོད། ལུའུ་ཀྲོའུ་གྲོང་ཁྱེར་ཁྲིམས་འཛིན་ཅུད་ཁྲིམས་སྲོལ་ཁོའོ་ཡི་འགན་འཁུར་བ་ཀྲེན་ཡའོ་ཡིས། ལུའུ་ཀྲོའུ་གྲོང་ཁྱེར་གྱིས་ཐོག་མར་དོ་བདག་ལ་གསལ་བརྡ་སྤྲོད་པའི་ཁས་ལེན་ཞེས་པ་ལག་བསྟར་བྱས་ཡོད་པ་དང་། དོ་བདག་གིས་མཁོ་འདོན་བྱས་པའི་ཆ་འཕྲིན་ལ་ཐོག་མར་འབྲེལ་ཡོད་ཚན་པས་རང་འགུལ་ངང་ཞིབ་དཔྱད་བྱས་པ་དང་དེ་ནས་ཚན་པ་གཞན་དག་ལ་བརྟེན་ནས་རམས་བཤེར་བྱེད་ཀྱི་ཡོད་ཅེས་བཤད་ཡོད་པ་རེད།

དཔང་ཡིག་མི་དགོས་པའི་གྲོང་ཁྱེར་ཞེས་པ་བཏོད་ཚུན། ལུའུ་ཀྲོའུ་གྲོང་ཁྱེར་གྱིས་ཁྱོན་སྲིད་འཛིན་ཞིབ་མཆན་འགོད་རྒྱུ་དང་སྤྱི་པའི་ཞབས་ཞུའི་བྱ་དོན་ལ་མཁོ་པའི་དཔང་ཡིག་གི་བྱ་དོན་ཁྱོན་7000ལྷག་མེད་པ་བཟོས་ཡོད་པ་དང་། ལོ་ཧྲིལ་པོར་ལས་དོན་གཉེར་བར་ཡོང་བའི་མང་ཚོགས་ལ་རིགས་ཁག་གི་དཔང་ཡིག་དཔྱད་ཡིག་ས་ཡ་གཅིག་དང་ལྔ་འབུམ་ཉུང་དུ་བཏང་ཡོད་པ་རེད།

སྲིད་འཛིན་སྒྲིག་གཞི་སྒྱུར་བཅོས་མགྱོགས་སུ་གཏོང་རྒྱུ་དང་། ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་བྱ་རྒྱུ་གཉིས་མཉམ་དུ་ལག་བསྟར་བྱས་ནས། ས་གནས་ཁག་གིས་སྲིད་འཛིན་ཆོག་འཐུས་མིན་པའི་ཞིབ་མཆན་འགོད་རྒྱུའི་བྱ་དོན་དང་། གཏན་འབེབས་དང་མི་འཚམས་པའི་དཔང་ཡིག ལུགས་དང་མི་མཐུན་པའི་གླ་རིན་བསྡུ་རྒྱུ་བཅས་མེད་པ་བཟོ་གང་ཐུབ་བྱས་ནས། ལས་ཆོད་མཐོ་པོའི་ངང་སྲིད་འཛིན་ཐུབ་པ་བྱས་ཡོད་པ་རེད།

དམངས་འཚོའི་ལས་གཞིའི་ཁྲོད་སྲིད་འཛིན་བྱ་སྤྱོད་ཟམ་མི་ཆད་པར་ཚད་ལྡན་བཟོ་རྒྱུ་དང་། སྲིད་འཛིན་ཕན་ནུས་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་རྒྱུ། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་བྱ་རྒྱུ་བཅས་ཀྱིས་ཟམ་མི་ཆད་པར་མཐའ་མའི་སྤྱི་ལེ་གཅིག་དེ་མཆོངས་བརྒལ་བྱེད་བཞིན་ཡོད་པ་རེད། གྲོང་སྲིད་ཞབས་ཞུ་ནས་སྡོད་ཁང་བསྒྱུར་འགོད་བར། མི་དམངས་མང་ཚོགས་ལ་སྲིད་གཞུང་གི་འགན་ནུས་བརྗེ་སྒྱུར་ལས་བྱུང་བའི་ཐོབ་ཚོར་དངོས་བྱུང་དང་འབྱུང་བཞིན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

中央广播电视总台 央广网 版权所有

བཅོས་སྐྱོང་རྨང་གཞི་བརྟན་དུ་གཏོང་བ་སྟེ། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་བྱེད་བཞིན་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཉེ་བའི་ལོ་ཤས་རིང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་དང་། སྤྱི་ལོ་2019ལོར་ཁག་དང་པོའི་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་གི་དཔེ་སྟོན་ས་ཁུལ་གྱི་དཔྱད་དཔོག་གཏན་འཁེལ་འགོ་ཚུགས་པ་དང་།