ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

དཔའ་ཡུལ་གྱི་“འགྱུར་ལྡོག”གསུམ།

2020-10-17 10:25:00     责编:sangjzm

ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཧུའུ་ཝུའེ་ཅེ།

ཀའོ་ཅི་ཆིང་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ནས་ཡིན་ཞིང་། དེ་ནི“ཁུལ་གསུམ་དང་ཀྲོའུ་གསུམ”གྱི་ས་ཁུལ་དུ་གཏོགས་ཀྱི་ཡོད། ཁོང་གི་ཁྱིམ་ཀན་ལྷོའི་ཅོ་ནེ་རྫོང་དཔའ་ཡུལ་གྲོང་ཚོར་ཆགས་པ་དང་གནས་འདིའི་རི་བོ་མཛེས་ཤིང་རང་བྱུང་ནགས་ཚལ་སྟུག་ལ་གྲོང་ཚོའི་ཐང་ཆེན་དང་། ལྗོན་ཤིང་། མཛེས་ལྗོངས་བཅས་རིམ་པ་སྟར་ཆགས་སུ་གནས་པ་ནི་ཤིན་ཏུ་མཚར་བའི་རི་མོ་ཞིག་དང་གཉིས་སུ་མ་མཆིས།

དཔའ་ཡུལ་གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་ཝང་གོ་ལེང་གིས་གསར་འགོད་པར། དཔའ་ཡུལ་གྲོང་ཚོའི་འཕེལ་རྒྱས་ལམ་བུར“འགྱུར་ལྡོག་གསུམ”བརྒྱུད་ཡོད། ད་གཟོད“སྣོད་བཅུད་ཀྱི་ཡོང་འབབ”བརྟན་པོ་བྱུང་སྟེ་གཞི་ནས་འབྱོར་འབྲིང་གི་ལམ་དུ་དངོས་སུ་བསྐྱོད་ཡོད་ཅེས་བཤད།

ཝང་གོ་ལེང་གིས་གསར་འགོད་པར། དུས་རབས་20པའི་ལོ་རབས་90པའི་དུས་འགོར་དཔའ་ཡུལ་བ་མང་པོས་ཤིང་མང་པོ་ལྐོག་ཏུ་བཅད་ནས་ཕྱུག་པོ་ཆགས་ཐབས་བྱེད་ཀྱི་ཡོད། གྲོང་མི་ཚོས་རྒྱལ་ཁབ་ཀྱི་བཀག་རྒྱར་མ་བལྟོས་པར་རི་གསེབ་ཏུ་བསྐྱོད་ནས་ཤིང་གཅོད་ཀྱི་ཡོད་པས་གྲོང་ཚོའི་མི་ཚང་མ་ཤིང་ལྐོག་དུ་གཅོད་མཁན་དུ་གྱུར། གྲོང་ཚོའི་ནང་དངུལ་ཁང་དང་། རྒྱ་ཁོག་ཟ་ཁང་། མགྲོན་ཁང་བཅས་གྲོང་རྡལ་གྱི་སྔོན་ལ་དར་བ་དང་། གྲོང་མི་མང་པོ་ཞིག“སྒོར་ཁྲི་ཡི་དུད་ཚང”དུ་གྱུར་པ་དང་དཔའ་ཡུལ་གྲོང་ཚོ་ཡང་ཉེ་རིང་གང་སར་སྐད་གྲགས་ཆོད་པའི“སྒོར་ཁྲི་ཡི་གྲོང་ཚོར”གྱུར་བ་རེད།

གནད་སྨིན་དབུལ་སྐྱོར་བྱེད་འགོ་ཚུགས་རྗེས། ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡིས་ཀྲོའུ་ཡོངས་སུ“ཁོར་ཡུག་གསར་བརྗེ”ཁྱབ་གདལ་བཏང་སྟེ། “ས་ཁོངས་ཡོངས་སུ་གད་སྙིགས་མེད་པ”ནས་འགོ་བཙུགས་ཏེ་རྨོ་བསྐྱུར་ནགས་གསོ་དང་། རྩྭ་བསྐྱུར་ནགས་གསོ། རྩྭ་ཕྱུགས་དོ་སྙོམས་བཅས་ཡོང་རྒྱུར་སྐུལ་འདེད་བཏང་ཡོད། སྣོད་བཅུད་སྲུང་སྐྱོང་བྱེད་པ་ལས་དེ་སྔ་ཤིང་གང་བྱུང་དུ་བཅད་ནས་སྐྱ་ཐེར་ཐེར་དུ་གྱུར་བའི་ས་གཞི་སླར་ཡང་ཚང་ཚིང་ནགས་སུ་གྱུར། མིག་སྔར་དཔའ་ཡུལ་གྲོང་ཚོ་གནས་སའི་མ་རུ་གྲོང་རྡལ་གྱིས་ནགས་ས་རྒྱ་ཁྱོན་སྤྱི་ཆིང་ཁྲི་1.8བསྐྱར་འདེབས་དང་གསར་འདེབས་བྱས་པས“རི་ཁུལ་གྱི་ཁོར་ཡུག་ཇེ་ལེགས་སུ་འགྲོ་བཞིན་ཡོད”ཅེས་ཝང་གོ་ལེང་གིས་བཤད།

དེའི་རྨང་གཞིའི་ཐོག་ཀན་ལྷོ་ཀྲོའུ་ཡིས་ཡུལ་སྐོར་གྱི་བྱེད་ནུས་མི་འདྲ་བའི་སྣོད་བཅུད་ཤེས་དཔལ་འབྱོར་འབྲིང་གྲོང་ཚོ་ནུས་ཤུགས་ཡོད་རྒུས་བཏོད་དེ་སྔོ་ཞིང་དྭངས་པའི་རི་ཆུ་གསེར་རི་དངུལ་རིར་འགྱུར་བར་བྱས་པ་དང་དཔའ་ཡུལ་གྲོང་ཚོ་ནི་དེའི་ནང་གི་གྲས་ཤིག་ཡིན་པ་རེད། གྲོང་མི་ཚོས་སྟོབས་ཤུགས་གཅིག་སྒྲིལ་གྱིས་གྲོང་ཚོའི་ལམ་བུའི་ཐོག་གི་གད་སྙིགས་གཙང་སེལ་བྱས་པ་དང་། སྲིད་གཞུང་གི་རོགས་རམ་འོག་གྲོང་ཚོ་ཡོངས་མཛེས་ལྗོངས་ཁུལ་གྱི་ཚད་གཞི་ལྟར་བསྐྱར་སྐྲུན་བྱེད་འགོ་ཚུགས་པས་གྲོང་ཚོའི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་ཡོད་ལ་གྲོང་ཚོ་ཡང་མཛེས་ཤིང་ལྟ་ན་སྡུག་པར་གྱུར་བ་རེད།

ཉེ་འགྲམ་གྱི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་དང་སྟབས་བདེ་བའི་འགྲིམ་འགྲུལ་ཆ་རྐྱེན་གྱི་མདུན་དུ་ཝང་གོ་ལེང་གིས་དབུལ་སྒྲོལ་བརྟན་པོ་ཡོང་བའི་ཐབས་ཤེས་བསམ་བློ་གཏོང་འགོ་ཚུགས། ཁོང་དང་གྲོང་ཚོའི་ཏང་ཡོན་ཚོས་གྲོས་བསྡུར་ཡང་ཡང་བྱས་མཐར། ལེགས་ཆ་བེད་སྤྱོད་དང་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་གཏོང་བར་མདུན་ལམ་ཆེན་པོ་ལྡན་པའི་ངོས་འཛིན་བྱས། 2017ལོར་ཝང་གོ་ལེང་དང་ཏང་ཡོན་ཁག་གཅིག་གིས་སྣེ་ཁྲིད་དེ་དུད་ཚང་8ཀྱིས་མ་དངུལ་བཏང་ནས་རང་ཁྱིམ་གྱི་སྒོ་ར་སྒྱུར་བཀོད་བྱས་ཏེ“བོད་ཁྱིམ་སྤྲོ་སྐྱིད་ཁང”ཐོག་མར་གཉེར་བ་རེད།

དང་ཐོག་གྲོང་ཚོའི་ནང་གི་མི་མང་པོ་ཞིག་གིས་བསམ་ཤེས་བྱེད་ཀྱི་མེད། གང་ཡིན་ཞེ་ན། དཔའ་ཡུལ་བས་ས་ཞིང་འདེབས་པ་དང་གླ་པར་འགྲོ་བ་ལས་ཡུལ་སྐོར་འཕེལ་རྒྱས་གཏོང་མྱོང་མེད། ཡིན་ནའང་སྔོན་ལ་གཉེར་བའི“བོད་ཁྱིམ་སྤྲོ་སྐྱིད་ཁང”ཁ་ཤས་ཀྱི་ཚོང་ཧ་ཅང་ཡག་པོ་ཡོད་པ་དང་གྲོང་ཚོར་ཡུལ་སྐོར་བ་ཇེ་མང་དུ་འགྲོ་བ་མཐོང་སྐབས་ལོ་གཉིས་ཀྱི་དུས་ཚོད་ནང་གྲོང་ཚོ་ཡོངས་ཀྱི་དུད་ཚང་193གྱི་ཁྲོད་ནས་དུད་ཚང་75ཡིས“བོད་ཁྱིམ་སྤྲོ་སྐྱིད་ཁང”གཉེར་བ་རེད།

ཡུལ་སྐོར་བར་རླངས་འཁོར་འཇོག་ས་ཡོད་པ་བྱ་ཆེད། གྲོང་ཚོར་རླངས་འཁོར་འཇོག་ས་བསྐྲུན་དགོས་ཀྱི་ཡོད། ཝང་གོ་ལེང་གི་གཅུང་པོའི་ཁྱིམ་གྲོང་ཚོའི་ལྟེ་བར་གནས་པས་ཁོང་གིས་གཅུང་པོ་དང་གཅུང་པོའི་མནའ་མ་ཡང་ཡང་བཙལ་ཏེ་གཅུང་པོར་ཁང་སའི་ཐོག་རླངས་འཁོར་འཇོག་ས་བསྐྲུན་རྒྱུའི་ཁ་ཏ་བྱས་མཐར་གཅུང་པོས་ས་ཆ་བཤུག་རྒྱུའི་མོས་མཐུན་བྱས་པ་རེད།

ད་ཆ་དཔའ་ཡུལ་གྲོང་ཚོའི་ཡུལ་སྐོར་ལས་རིགས་ཉིན་རེ་བཞིན་འཕེལ་རྒྱས་འགྲོ་བཞིན་ཡོད་པ་དང་དཔའ་ཡུལ་གྲོང་ཚོ་དེ་ཡང་ཀན་ལྷོ་ཀྲོའུ་ཡི་ཁག་དང་པོའི་འབྱོར་འབྲིང་གྲོང་ཚོའི་ཁྲོད་ཀྱི་ཡུལ་སྐོར་ཆེད་ལས་གྲོང་ཚོར་གྱུར་ཡོད། ཁྱིམ་དང་ལོ་མང་བྲལ་བའི་གྲོང་མི་མང་པོ་ཞིག་སླར་ཡང་གྲོང་ཚོར་ལོག་པ་དང་། ཁོང་ཚོས་ཨར་པོའི་ལས་གྲྭ་གཉེར་བ་དང་། ཨ་རག་བཟོ་གྲྭ་འཛུགས་པ། ཁྱད་ལྡན་གསོ་ཚགས་གཉེར་བ། མ་བྱན་སོགས་ཀྱི་ལས་ལ་གཞོལ་བཞིན་ཡོད།

ཀའོ་ཅི་ཆིང་གི་ནང་མི་དེ་སྔོན་ཕྱིར་གླ་པ་རྒྱུག་པར་འགྲོ་ཡི་ཡོད་པ་དང་2017ལོར་གྲོང་ཚོར་ལོག་ནས“བོད་ཁྱིམ་སྤྲོ་སྐྱིད་ཁང”གཉེར་ཡོད། ད་ཆ་ཁོང་ཚོའི་ཁྱིམ་ཚང་གི་ལོའི་ཡོང་འབབ་སྒོར་ཁྲི་10ལྷག་ཙམ་ཟིན་པ་དང་། 2019ལོར་གྲོང་ཚོ་ཡོངས་ཀྱི་བོད་ཁྱིམ་སྤྲོ་སྐྱིད་ཁང་གི་ལས་གཉེར་ཡོང་འབབ་སྒོར་ཁྲི་5600ལྷག་ཙམ་ཟིན་ཡོད་པ་རེད།

འདི་ལོར་ནད་ཡམས་ཀྱི་ཤུགས་རྐྱེན་ཕོག་ཀྱང་དཔའ་ཡུལ་གྲོང་ཚོའི་གྲོང་མིའི་བསམ་ཡུལ་ལས་འདས་པ་ཞིག་ལ་ཡུལ་སྐོར་བ་དེ་བས་མང་དུ་སོང་ཡོད། ས་ཆ་གཞན་གྱི་མིས་རླངས་འཁོར་གཏོང་བའམ་ཡང་ན་ཡུལ་སྐོར་ཚོགས་པ་དང་མཉམ་དུ་དཔའ་ཡུལ་གྲོང་ཚོའི་རི་ཆུ་དང་མཛེས་ལྗོངས་ལ་ལྟ་བར་ཡོང་གི་ཡོད།

དབུལ་སྒྲོལ་འགག་སྒྲོལ་གྱི་སྣེ་ཁྲིད་འོག་དཔའ་ཡུལ་བས་ཁོར་ཡུག་ལ་གཏོར་བཤིག་གཏོང་རྒྱུ་རིན་དོད་དུ་བྱས་ནས་འཕེལ་རྒྱས་བརྩོན་ལེན་བྱེད་པའི་ཁོར་ཡུག་ངན་པ་ནས་ཐོན་ཏེ་སྣོད་བཅུད་ཤེས་དཔལ་གྱི་འབྱོར་འབྲིང་ལམ་བུའི་ཐོག་བསྐྱོད་ཡོད། མིག་སྔའི་བར་ཀན་ལྷོ་ཀྲོའུ་ཡིས་རིགས་ཁག་གི་སྣོད་བཅུད་ཤེས་དཔལ་གྱི་འབྱོར་འབྲིང་གྲོང་ཚོ་1303བསྐྲུན་ནས་ཞིང་འབྲོག་པ་ཁྲི་40ལྷག་ཙམ་ལ་ཕན་པ་ཐོབ་པར་བྱས་ཡོད།

中央广播电视总台 央广网 版权所有

དཔའ་ཡུལ་གྱི་“འགྱུར་ལྡོག”གསུམ།

ཀའོ་ཅི་ཆིང་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ནས་ཡིན་ཞིང་། དེ་ནི“ཁུལ་གསུམ་དང་ཀྲོའུ་གསུམ”གྱི་ས་ཁུལ་དུ་གཏོགས་ཀྱི་ཡོད། ཁོང་གི་ཁྱིམ་ཀན་ལྷོའི་ཅོ་ནེ་རྫོང་དཔའ་ཡུལ་གྲོང་ཚོར་ཆགས་པ་དང་གནས་འདིའི་རི་བོ་མཛེས་ཤིང་རང་བྱུང་ནགས་ཚལ་སྟུག་ལ་གྲོང་ཚོའི་ཐང་ཆེན་དང་། ལྗོན་ཤིང་། མཛེས་ལྗོངས་བཅས་རིམ་པ་སྟར་ཆགས་སུ་གནས་པ་ནི་ཤིན་ཏུ་མཚར་བའི་རི་མོ་ཞིག་དང་གཉིས་སུ་མ་མཆིས།