ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

བོད་ཀྱི་སྐར་ལྔའི་དར་དམར་ཐོག་མ་དེ་སྔོན་ཆད་འདི་གར་བསྒྲེངས་པ།

2020-10-16 10:12:00     责编:sangjzm

འདི་ནི་བོད་ཀྱི་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་སྐམ་ཐོག་གྲོང་ཚོར་འཕགས་པས་ཐོག་ཁར་རྒྱལ་དར་གསར་པ་བརྗེ་བཞིན་པ།

སྐར་མ་དམར་པོ་གནས་འདི་ནས་བོད་དུ་འོད་ལྷམ་ལྷམ་འཚེར།

འབྲི་ཆུའི་འགྲམ་ནས་བརྒྱུད་སྐབས། སྐམ་ཐོག་གྲོང་ཚོའི་ཕ་བོང་སྟེང་གི“བོད་ལྗོངས”ཞེས་པའི་ཡི་གེ་དམར་པོ་མིག་ལམ་དུ་གསལ་ལྷང་ངེར་མངོན།

ལོ་ངོ་70ཡི་གོང་དུ། བཅིངས་འགྲོལ་དམག་གིས་གནས་འདིར་བོད་ཀྱི་སྐར་ལྔའི་དར་དམར་དང་པོ་བསྒྲེངས་པ་དང་། ལོ་ངོ་70ཡི་རྗེས་སུ། དེ་སྔོན་དབུལ་ཕོངས་དང་རྗེས་ལུས་ཀྱི་གྲོང་ཚོ་དེའི་གང་ས་ཅི་ཐད་ལ་ཉམས་དགའ་བའི་འགྱུར་ལྡོག་ཆེན་པོ་བྱུང་ནས་དུས་རབས་གསར་པའི་འཚོ་བ་གསར་པའི་ཕྱོགས་སུ་སྐྱོད་བཞིན་ཡོད།

སྐམ་ཐོག་གྲོང་ཚོ་ནི་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་གི་ཁོངས་སུ་གནས་པ་དང་། དེ་སི་ཁྲོན་དང་གཙང་པོ་གཅིག་གིས་ཆོད་ཡོད།

1950ལོའི་ཟླ་10ཚེས་6ཉིན་བོད་ལ་བཅིངས་འགྲོལ་གཏོང་བའི་ཆབ་མདོའི་གཡུལ་འགྱེད་འགོ་ཚུགས་པ་དང་། དེ་དུས་ལོ་8ལ་སླེབས་པའི་འཕགས་པས་ཞྭ་མོའི་སྟེང་དུ་སྐར་མ་དམར་པོས་བརྒྱན་པའི་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ཐོག་མར་མཐོང་བ་རེད།

བཅིངས་འགྲོལ་དམག་གིས་སྐམ་ཐོག་གྲོང་ཚོ་བརྟན་སྲུང་བྱེད་སྐབས་བསྟན་པའི་རས་ཡོལ་གྱི་གློག་བརྙན་བརྒྱུད་ལོ་ན་ཆུང་བའི་འཕགས་པས་མའོ་ཀྲུའུ་ཞི་དང་། པེ་ཅིང་། རྒྱལ་དར་གྱི་ཚོས་གཞི་དམར་པོ་དང་སྐར་མ་ལྔའི་མཚོན་དོན་བཅས་ཤེས་པར་གྱུར། དུས་དེ་ནས་བཟུང་། འཐབ་འཛིང་པ་ཚོའི་དམག་ཞྭའི་ཐོག་གི་སྐར་མ་དམར་པོ་དེ་ས་བོན་དང་འདྲ་བར་འཕགས་པའི་སེམས་སུ་རྩ་བ་ཚུགས

ལོ་27ལ་ཁོང་དམག་ནང་ཞུགས་ཏེ་རང་ཉིད་གཞོན་ནུའི་དུས་ཀྱི“བཀའ་དྲིན་ཆེ་ཤོས་ཀྱི་མི”དེར་གྱུར། དམག་ནང་ཞུགས་རིང་། ཁོང་གཟི་བརྗིད་ལྡན་པའི་ངང་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས།

1974ལོར་འཕགས་པ་དམག་ཁོངས་ནས་ཕྱིར་ཐོན་རྗེས། ཕ་ཡུལ་དུ་ལོག་ནས་གྲོང་ཚོའི་ལས་བྱེད་པའི་འགན་ཁུར་ཏེ་ཡུལ་མིར་སྣེ་ཁྲིད་ཀྱིས་ཞིང་ལས་ཐོན་སྐྱེད་གོང་འཕེལ་བཏང་བ་མ་ཟད་གཞི་རྩའི་འཚོ་བ་ལེགས་བཅོས་བྱས་པར་བརྟེན། ས་གནས་ཀྱི་བྱ་དགའ་ཐེངས་མང་པོ་ཐོབ་ཡོད།

ལོ་ངོ་70ཡི་རིང་། ཁོང་གིས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བོད་ཀྱི་དམངས་གཙོའི་བཅོས་སྒྱུར་དང་། སྒྱུར་བཅོས་སྒོ་དབྱེ། དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་ཕུ་ཐག་གཅོད་པ་བཅས་བྱས་ནས་ཡུལ་མིའི་འཚོ་བ་སྔར་བས་ཇེ་ལེགས་སུ་ཕྱིན་པ་དངོས་སུ་བརྒྱུད་པ་དང་དེར་དཔང་པོའང་བྱས་ཡོད།

ལུང་པ་ཁུག་ཀྱོག་དུས་དེ་ནས་བཟུང་ཕྱི་རོལ་ཡུལ་དང་འབྲེལ་འདྲིས་ཐུབ་པ།

1954ལོར་ཁྲོན་བོད་གཞུང་ལམ་བདེ་བླག་ངང་ཤར་གཏོང་ཐུབ་ཡོད། དུས་རབས་20པའི་ལོ་རབས་70པར་འབྲི་ཆུའི་ཟམ་ཆེན་བསྐྲུན་པ་དང་། རྒྱལ་ལམ་317ཡང་སྐམ་ཐོག་གྲོང་ཚོ་ནས་འབྲི་ཆུའི་ངོགས་གཉིས་ལ་འབྲེལ་མཐུད་བྱུང་བར་བརྟེན། ལུང་པ་ཁུག་ཀྱོག་དེ་དུས་དེ་ནས་བཟུང་ཕྱི་རོལ་ཡུལ་དང་འབྲེལ་འདྲིས་ཐུབ་པ་དང་། སྐམ་ཐོག་གྲོང་ཚོ་ཡང་དེའི་རྐྱེན་གྱིས་བོད་ཀྱི“ཤར་སྒོ་ཆེན་པོར”གྱུར།

ལོ་ངོ་70ཡི་རིང་། ཆབ་མདོར་རིམ་གྱིས་ཉེ་འཁོར་དང་འབྲེལ་མཐུད་ཀྱི“གཞུང་བཞི་འཕྲེད་གསུམ་འབྲེལ་གསུམ”གྱི་གཞུང་ལམ་དྲ་བ་ཆགས་ནས་གྲོང་གསེབ་གཞུང་ལམ་ཡང་གྲོང་ཁྱེར་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་ཚང་མར་ཁྱབ་པ་རེད།

1977ལོར་སྐམ་ཐོག་གྲོང་ཚོའི་ལོ་20ལ་སླེབས་པའི་ཡུལ་མི་ཀུན་བཟང་དགེ་ལེགས་ཀྱིས་བཅིངས་འགྲོལ་རྟགས་ཅན་གྱི་དོས་སྐྱེལ་རླངས་འཁོར་རྙིང་པ་ཞིག་ལ་བརྟེན་ནས་ཆབ་མདོ་ནས་ཁྲེང་ཏུའུ་དབར་ཤིང་ཆ་སྐྱེལ་འདྲེན་བྱེད་འགོ་ཚུགས།

ཀུན་བཟང་དགེ་ལེགས་ཀྱིས་སྐྱེལ་འདྲེན་ལ་འབད་པའི་ལོ་ངོ་40ཡི་རིང་རླངས་འཁོར་8བརྗེས་མྱོང་། འགྲོ་ལམ་ཇེ་བདེ་དང་ཟོག་འདྲེན་རླངས་འཁོར་གྱི་ནུས་པ་དང་ཐེག་ཚད་ལེགས་སུ་ཕྱིན་པ་དང་བསྟུན། ཁོང་གི་ཡོང་འབབ་ཀྱང་ལོ་རེར་སྒོར་ཁྲི་2ནས་སྒོར་ཁྲི་20བར་མང་དུ་སོང་། ཁོང་གི་སྣེ་ཁྲིད་འོག་གྲོང་ཚོའི་ནང་ཉུང་མཐར་ཡང་དུད་ཚང་15ཡིས་ཟོག་འདྲེན་རླངས་འཁོར་ཉོས་ཏེ་ཁྲོན་བོད་གཞུང་ལམ་དུ་བསྐྱོད་ནས་སྐྱེལ་འདྲེན་བྱེད་ཀྱི་ཡོད།

རྒྱལ་ལམ་317གྱི་འགྲིམ་འགྲུལ་གྱི་གནས་བབ་རྒྱུན་མཐུད་ངང་ལེགས་སུ་སོང་བས་བོད་དང་ནང་སའི་དབར་གྱི་མི་དང་། དངོས་ཟོག ཆ་འཕྲིན་བཅས་འགྲོ་འོང་དང་ཁྱབ་ཚད་མགྱོགས་སུ་ཕྱིན་པ་དང་། སྔར་བས་མང་བའི་འགྲོ་འོང་བྱེད་མཁན་གྱི་རླངས་འཁོར་དག“གསར་བརྗེའི་ཐོན་ཁུངས”ཡོད་པའི་གྲོང་ཚོ་དེ་གར་སྐྱོད་ཀྱི་ཡོད།

“ད་ཆ་གྲོང་ཚོའི་དུད་ཚང་80%ཡན་ལ་རླངས་འཁོར་ཡོད”ཅེས་སྐམ་ཐོག་གྲོང་ཚོའི་ཧྲུའུ་ཅི་དང་པོ་ཞུའེ་ཝེ་ཡིས་བཤད།

མེ་སོན་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་པ།

བཅིངས་འགྲོལ་མ་བཏང་གོང་གི་འཚོ་བར་ཕྱིར་དྲན་བྱེད་སྐབས། ལོ་88ལ་སླེབས་པའི་འཇམ་དབྱངས་ཚེ་རིང་མིག་ཆུ་ཐེངས་མང་ཤོར། “དེ་དུས་ཐོབ་ཐང་ཟེར་བ་གླེང་ཐབས་མེད་ལ། ཐ་ན་མི་སྲོག་ཀྱང་སྲིན་བུའི་ཚད་དུའང་འཇོག་གི་མེད”ཅེས་བཤད། བགྲེས་སོང་གིས་ལག་གཡས་པ་བཀྱགས་པ་ན་མཛུབ་མོ་རྦད་དེ་འཁྱོར་ཡོད་ཅིང་། དེ་ནི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་དུས་རབས་སུ་བཞག་པའི་གསུབ་ཐབས་བྲལ་བའི་རྨ་ཁ་རེད།

བཅིངས་འགྲོལ་དམག་སླེབས་ནས་ཁོང་གི་ལས་དབང་གི་ཁ་ལོ་བསྒྱུར།

ཆབ་མདོའི་གཡུལ་འགྱེད་སྐབས། ལོ་18ཟིན་པའི་འཇམ་དབྱངས་ཚེ་རིང་གིས་སྣེ་ཁྲིད་ནས་དམག་སྡེ་བཅོ་བརྒྱད་པ་དང་མཉམ་དུ་ཆབ་མདོར་དཔུང་འཇུག་བྱས་ཡོད། 1959ལོར་འཇམ་དབྱངས་ཚེ་རིང་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། སྐམ་ཐོག་ཤང་གི་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས་ཁོང་གིས་དུས་དང་རྣམ་པ་ཀུན་ཏུ་ཏང་ཡོན་གྱི་ཐོབ་ཐང་བློ་ལ་དམ་པོར་བཅངས་ནས་མང་ཚོགས་ལ་ཕན་པའི་ལས་དོན་སྣ་ཚོགས་ཁྲོད་ཧུར་ཐག་ངང་ཞུགས་ཡོད།

རྒན་ཡོལ་ཞུས་རྗེས། ཁོང་གིས་རེ་འདུན་ཞུས་ཏེ་ཏང་གི་སྲིད་ཇུས་སྒྲོག་འགྲེལ་གྱི་གྲོང་ཚོ་རིམ་པའི་དྲིལ་བསྒྲགས་རུ་ཁག་ནང་ཞུགས་པ་དང་། གོ་བདེ་རྟོགས་སླའི་སྐད་ཆའི་ལམ་ནས་ཡུལ་མི་རྣམས་ལ་ཏང་གི་དགོངས་དོན་དང་དམངས་ཕན་སྲིད་ཇུས་དྲིལ་བསྒྲགས་བྱས་ཡོད།

“བོད་ཀྱི་སྤྱི་ཚོགས་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འཕོ་འགྱུར་བྱུང་བ་ངས་དངོས་སུ་བརྒྱུད་པ་ཡིན། འཕོ་འགྱུར་འདི་དག་ཇི་ལྟར་བྱུང་ཚུལ་སྐོར་ངས་ངེས་པར་དུ་ན་གཞོན་ཕྱི་རབས་པ་རྣམས་ལ་རྟོགས་སུ་འཇུག་རྒྱུ་ཡིན”ཞེས་འཇམ་དབྱངས་ཚེ་རིང་གིས་བཤད།

ལོ་གཉིས་གོང་། འཇོ་མདའ་རྫོང་གིས་མ་དངུལ་སྒོར་ཁྲི་1300ལྷག་བཏང་ནས“དམག་སྡེ་བཅོ་བརྒྱད་པ་འབྲི་ཆུ་བརྒལ་བའི་དྲན་གསོའི་སྤྱི་གླིང”བསྐྲུན་པ་དང་། སྐམ་ཐོག་གྲོང་ཚོའི་ཏང་ཀྲི་པུའུ་ཡིས་རྒྱུན་དུ་དམག་སྡེ་བཅོ་བརྒྱད་པའི་བརྐོས་བརྙན་མདུན་དུ་ཀྲི་པུའི་བྱེད་སྒོ་སྤེལ་གྱི་ཡོད། མིག་སྔར་སྐམ་ཐོག་གྲོང་ཚོའི་ཏང་ཡོན་49ཡི་ནང་ནས་བཞི་ཆ་གསུམ་ལྷག་ནི་དར་མ་དང་ན་གཞོན་ཡིན་པ་རེད།

ཐོག་ཁའི་རྒྱལ་དར་བརྗེ་བ་ནི་འཕགས་པའི་ཟླ་རེའི་ཐེངས་རེའི“མཛད་སྒོ”རེད། ལོ་ན་བགྲེས་པའི་འཕགས་པའི་འགྲོ་སྐྱོད་སྟབས་བདེ་པོ་མེད་པས། སོ་ནམ་གྱི་ལས་ཀ་བུ་མོར་རྩིས་སྤྲད་ནའང་། ཐོག་ཁར་འཛེགས་ནས་རྒྱལ་དར་བརྗེ་རྒྱུ་དེ་འཕགས་པ་རང་ཉིད་ཀྱིས་དངོས་སུ་བྱེད་ཀྱི་ཡོད། “ད་ཆ་ང་ཚོའི་འཚོ་བ་སྐྱིད་པོ་འདི་ནི་ཁོང་རྣམ་པའི་ཚེ་སྲོག་དང་ཟུངས་ཁྲག་ལ་བརྟེན་ནས་བྱུང་བ་ཞིག་རེད། བཀའ་དྲིན་འདི་ང་ཚོས་ནམ་ཡང་བརྗེད་མི་སྲིད”ཅེས་ཁོང་གིས་བཤད།

中央广播电视总台 央广网 版权所有

བོད་ཀྱི་སྐར་ལྔའི་དར་དམར་ཐོག་མ་དེ་སྔོན་ཆད་འདི་གར་བསྒྲེངས་པ།

ལོ་ངོ་70ཡི་གོང་དུ། བཅིངས་འགྲོལ་དམག་གིས་གནས་འདིར་བོད་ཀྱི་སྐར་ལྔའི་དར་དམར་དང་པོ་བསྒྲེངས་པ་དང་། ལོ་ངོ་70ཡི་རྗེས་སུ། དེ་སྔོན་དབུལ་ཕོངས་དང་རྗེས་ལུས་ཀྱི་གྲོང་ཚོ་དེའི་གང་ས་ཅི་ཐད་ལ་ཉམས་དགའ་བའི་འགྱུར་ལྡོག་ཆེན་པོ་བྱུང་ནས་དུས་རབས་གསར་པའི་འཚོ་བ་གསར་པའི་ཕྱོགས་སུ་སྐྱོད་བཞིན་ཡོད།