ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ཨ་ཆེན་གངས་རྒྱབ་ཏུ་རི་སྐོར་རུ་མིས་གཙོད་གནས་སྤོ་བར་སྲུང་སྐྱོང་བྱེད་པ།

2020-07-28 17:31:00     责编:sangjzm

མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་དྲ་བས་སྤེལ་བའི་གནས་ཚུལ་ལྟར་ན། ཟླ་7ཚེས་27ཉིན། ཨ་ཆེན་གངས་རྒྱབ་ཀྱི་ལྟེ་བ་སྒྲོ་ནག་མཚོ་རུ་གཙོད་ཕྲུག་སྐྱེས་ཟིན་པའི་གཙོད་ཚོགས་དེ་སྔའི་འཚོ་གནས་སུ་ཕྱིར་ལོག་འགོ་ཚུགས་པ་སྟེ། ཨ་ཆེན་གངས་རྒྱབ་ཀྱི་གཙོད་ཕྱིར་ལོག་པའི་དུས་ལ་སླེབས་ཡོད། རི་སྐོར་རུ་མིས་གཙོད་གནས་སྤོ་བར་ཉིན་མཚན་གཉིས་ཀར་སྲུང་སྐྱོང་བྱེད་བཞིན་ཡོད།

གཙོད་ནི་རྒྱལ་ཁབ་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཡིན་ཞིང་། ལོ་ལྟར་ཟླ་5པ་ནས་ཟླ་7པའི་བར། མཚོ་སྔོན་གཙང་གསུམ་ཆུ་འགོ་དང་། ཤིན་ཅང་གི་རི་བོ་ཨར་ཅིན། བོད་ལྗོངས་བྱང་ཐང་སོགས་ཀྱི་གཙོད་དག་ནི་“གཙོད་ཕྲུག་སྐྱེ་གནས”འབོད་པའི་ཨ་ཆེན་གངས་རྒྱབ་ཀྱི་སྒྲོ་ནག་མཚོ་རུ་གཙོད་ཕྲུག་སྐྱེ་བར་ཡོང་སྲིད།

མཚོ་བོད་མཐོ་སྒང་དུ་ཆགས་ཤིང་། རྒྱ་མཚོའི་ངོས་ལས་ཆ་སྙོམས་ཀྱི་མཐོ་ཚད་ལ་སྨི་4600ཡན་ཡོད་པའི་ཨ་ཆེན་གངས་རྒྱབ་ནི་འཛམ་གླིང་གི་རང་བྱུང་ཤུལ་བཞག་ཁུལ་ཞིག་ཡིན་པ་དང་། དེ་རུ་རི་སྐྱེས་སྲོག་ཆགས་རིགས་མང་པོ་ཡོད། རི་སྐྱེས་སྲོག་ཆགས་རྩ་ཆེན་འདི་རིགས་སྲུང་སྐྱོང་བྱ་ཆེད། རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཁག་གིས་ཨ་ཆེན་གངས་རྒྱབ་ཏུ་ཆུ་ནག་ཁ་དང་བསོད་ནམས་དར་རྒྱས། དམར་ཆུ། སྨིག་པ་ལ་སྒང་། སྒྲོ་ནག་མཚོ་སོགས་སྲུང་སྐྱོང་ས་ཚུགས་སྒྲིག་འགོད་བྱས་པ་དང་། རུ་སྐོར་རུ་མི་ཁག་ཅིག་གིས་དུས་རྒྱུན་དུ་གནས་འདི་རུ་སྐོར་ཞིབ་སྲུང་སྐྱོང་བྱེད་བཞིན་ཡོད།

གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱི་འབྲེལ་ཡོད་སྡེ་ཁག་གིས་བསྡོམས་རྩིས་བྱས་པར་གཞིགས་ན། གཙོད་ཕྱིར་ལོག་པའི་ཁ་གྲངས་ནི་ལོ་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད། 2019ལོར་མཚོ་བོད་གཞུང་ལམ་གྱི་སྤྱི་ལེ་ས་ཚིགས་3002ཀྱི་གནས་སུ་ཕྱིར་ལོག་པའི་གཙོད་ཀྱི་ཁ་གྲངས་ནི་4860ཡོད་པ་དང་། དེ་ནི་2018ལོ་ལས་338ཇེ་མང་དུ་གྱུར་ཡོད། “སྔོན་དཔག་བྱས་ན། ད་ལོའི་ཟླ་9པའི་ཟླ་འགོར་གཙོད་ཕྱིར་ལོག་པ་མཇུག་སྒྲིལ་རྒྱུ་དང་། ཕྱིར་ལོག་པའི་གཙོད་ཀྱི་ཁ་གྲངས་ནི་སྔར་བཞིན་མུ་མཐུད་ཇེ་མང་དུ་འགྲོ་ངེས་ཡིན”ཅེས་ཀྲུང་གོ་ཚན་རིག་གླིང་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་གཞོན་པ་ལེན་ཞིང་མིང་གིས་དེ་ལྟར་བཤད།

བདེ་བླག་ངང་གཙོད་ཕྱིར་ལོག་ཐུབ་པར་བྱ་ཆེད། ཨ་ཆེན་གངས་རྒྱབ་ཀྱི་རི་སྐོར་རུ་མིས་ཉིན་མཚན་ཀུན་ལ་སྐོར་ཞིབ་དང་བརྙན་ལམ་ལྟ་ཞིབ་བྱེད་བཞིན་ཡོད། བྲེལ་ཟིང་ཆེ་བའི་མཚོ་བོད་གཞུང་ལམ་ཡང་སྐབས་རེར་རི་སྐོར་རུ་མིས་ལམ་བཀག་ནས་གནས་སྤོ་བའི་གཙོད་དག་ལ་ལམ་ཕྱེ་དགོས་ཤིང་། རི་སྐྱེས་སྲོག་ཆགས་བགྲོད་ལམ་བརྒྱུད་ནས་གཙོད་དག་བདེ་འཇགས་ངང་ཕྱིར་ལོག་ཐུབ་པར་འགན་སྲུང་བྱས་ཡོད།

“ཉེ་ཆར་རི་སྐོར་རུ་མིས་མཚོ་བོད་གཞུང་ལམ་རྒྱུད་དུ་སྐོར་ཞིབ་བྱེད་ཤུགས་ཇེ་ཆེར་བཏང་ནས། དུས་ཐོག་ལ་གོ་རིམ་ལྡན་པའི་ངང་གཞུང་ལམ་བརྒྱུད་པའི་རླངས་འཁོར་འགོག་པ་དང་། འགྲུལ་པ་ཚོ་ལ་གཙོད་སྲུང་སྐྱོང་བྱེད་པའི་ཤེས་བྱ་ཁྱབ་བསྒྲགས་བྱས་ཤིང་། གཙོད་གནས་སྤོ་ལ་འགལ་རྐྱེན་མི་བཟོ་ཐབས་བྱས་པ་རེད”ཅེས་ཨ་ཆེན་གངས་རྒྱབ་སྨིག་པ་ལ་སྒང་སྲུང་སྐྱོང་ས་ཚུགས་ཀྱི་འགོ་འཛིན་གཞོན་པ་ཀརྨ་ཡར་འཕེལ་གྱིས་དེ་ལྟར་བཤད།

མཚོ་སྔོན་“སྐྱེ་ཁམས་སྒེའུ་ཁུང་”རྒྱང་རིང་དྲ་རྒྱ་བརྙན་ལམ་ལྟ་ཞིབ་མ་ལག་ཀྱིས་ཟླ་7ཚེས་25དང་ཚེས་26ཉིན་གཉིས་ཀྱི་ལྟ་ཞིབ་བརྙན་རིས་ལས་མངོན་གསལ། མོ་གཙོད་144ཡིས་གཙོད་ཕྲུག་8ཁྲིད་ནས་ཕར་ལྟ་ཚུར་ལྟ་ཡང་ཡང་བྱས་ཤིང་ཉམས་ཚོད་ལེན་ཞོར་དུ་མཚོ་བོད་ལྕགས་ལམ་སྨིག་པ་ལ་སྒང་བྱང་གི་ཟམ་ཆེན་གྱི་ཟམ་ཕུག་ལས་མགྱོགས་མྱུར་དུ་བགྲོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་གིས་མཚོ་བོད་ལྕགས་ལམ་སྨིག་པ་ལ་སྒང་བྱང་གི་ཟམ་ཆེན་དུ་“སྐྱེ་ཁམས་སྒེའུ་ཁུང་”ཞེས་པའི་རྒྱང་རིང་ལྟ་ཞིབ་མ་ལག་བཀོད་སྒྲིག་བྱས་པ་དང་། དུས་ཡུན་རིང་པོ་ལ་བརྙན་ལམ་ལྟ་ཞིབ་བྱས་པར་བརྟེན། གཙོད་གནས་སྤོ་བར་ཞིབ་འཇུག་ལ་དཔྱད་གཞི་གལ་ཆེན་མཁོ་འདོན་བྱས་ཡོད།

 

中央广播电视总台 央广网 版权所有

ཨ་ཆེན་གངས་རྒྱབ་ཏུ་རི་སྐོར་རུ་མིས་གཙོད་གནས་སྤོ་བར་སྲུང་སྐྱོང་བྱེད་པ།

གཙོད་ནི་རྒྱལ་ཁབ་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཡིན་ཞིང་། ལོ་ལྟར་ཟླ་5པ་ནས་ཟླ་7པའི་བར། མཚོ་སྔོན་གཙང་གསུམ་ཆུ་འགོ་དང་། ཤིན་ཅང་གི་རི་བོ་ཨར་ཅིན། བོད་ལྗོངས་བྱང་ཐང་སོགས་ཀྱི་གཙོད་དག་ནི་“གཙོད་ཕྲུག་སྐྱེ་གནས”འབོད་པའི་ཨ་ཆེན་གངས་རྒྱབ་ཀྱི་སྒྲོ་ནག་མཚོ་རུ་གཙོད་ཕྲུག་སྐྱེ་བར་ཡོང་སྲིད།