ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

གནམ་ས་གསར་པ་བཏོད་པ།

2020-06-28 15:51:00     责编:sangjzm
— ཡུན་ནན་བདེ་ཆེན་བོད་རིགས་ས་ཁུལ་གྱི་ཐོན་ལས་གསར་པའི་བསྡུས་རིས།
 
འདི་ནི་ཡུན་ནན་ཞིང་ཆེན་བདེ་ཆེན་རྫོང་བླ་རི་ཤང་ལྕགས་ཕུག་གྲོང་ཚོའི་ཤུག་རྟ་གྲོང་མི་ཚོགས་ཆུང་གི་ཟུར་ཞིག་ཡིན་པ།
     ད་ཕན་ལོ་ཤས་རིང་། ཡུན་ནན་བདེ་ཆེན་ཀྲོའུ་རུ་ལས་རྣམ་གསར་པ་ཁ་ཤས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་ལས། ཡུལ་དེའི་འཚོ་བ་སྐྱེལ་སྟངས་ལ་འགྱུར་ལྡོག་བྱུང་ནས་གངས་ལྗོངས་ས་མཐོར་རྣམ་པ་གསར་པ་མངོན།
     ས་མཐོའི་ཞིམ་མངར་ལྡན་པའི་སེའུ།
     “ཧ་ཅང་ཞིམ་པོ་འདུག”ལོ་21ལ་སླེབས་པའི་གཡང་འཛོམས་ན་ནིང་སེའུ་ཟ་ཐེངས་དང་པོ་ཡིན་པ་དང་ཁོ་མོར་སྤོབས་སེམས་སྐྱེ་འོས་པ་ཞིག་ནི་ཤིང་འབྲས་དེའི་ཐོན་ཡུལ་རང་གི་ཕ་ཡུལ་ཡིན་པ་རེད། གཡང་འཛོམས་ཀྱི་ཁྱིམ་ནི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་ཉི་ཤར་གྲོང་ཚོར་གནས་པ་དང་དེ་གའི་གྲོང་མི་ཚོས་གཙོ་བོ་ཕྱུགས་འཚོ་བ་དང་ནས་འདེབས་པ་ལས་སེའུ་དང་ལས་འབྲེལ་ཡོང་སྙམ་པ་སེམས་སུ་འཁོར་མྱོང་མེད།
     2018ལོར་ཀུའེ་ཨའོ་ཀུང་སིས་གྲོང་མིའི་ལག་ནས་ས་ཞིང་མུའུ་1428བརྒྱུད་བཤུག་བླངས་ཏེ་གླིང་ཁུལ་བསྐྲུན་པ་དང་། སྲིད་གཞུང་གིས་ཐོན་ལས་འཕེལ་རྒྱས་ཀྱི་མ་དངུལ་བསྡུ་སྒྲིལ་བྱས་ཏེ་ཁེ་ལས་ལ་སེའུ་སྡོང་ཉོ་རྒྱུའི་མངགས་བཅོལ་བྱས་ནས་ཐོན་ལས་ཅན་གྱི་འདེབས་འཛུགས་བྱས་པར་མིག་སྔར་ཏ་ལེན་ནས་དབོར་བའི་སེའུ་སྡོང་དེ་དག་སྐྱེ་འཚར་ཡག་པོ་བྱུང་བ་སྟེ། བཏབ་ནས་ལོ་4ནས་6བར་ནང་འབྲས་བུ་སྨིན་ཐུབ་པའི་སྡོང་རྐང་ཁྲི་1.3དང་ལོ་2ནང་སྐྱེ་ཐུབ་པའི་སྡོང་རྐང་ཁྲི་6ལྷག་ཙམ་རྩ་སྤོས་བརྒྱབ་པ་རེད། གཡང་འཛོམས་ཀྱིས་རྟེན་གཞི་དེར་ལག་རྩལ་སྦྱངས་པ་མ་ཟད་ཀུང་སིའི་བཟོ་པར་གྱུར་ནས་ན་ནིང་སྡོང་པོ་ཁག་དང་པོ་ནས་བཏགས་པའི་སེའུ་སོས་པ་བཟའ་རྒྱུ་བྱུང་བ་རེད། “ཡོང་འབབ་གསོག་རྒྱུ་འདུག་ལ་ད་དུང་ལག་རྩལ་ཡང་ཤེས་བྱུང”ཞེས་གཡང་འཛོམས་ཀྱིས་བཤད་པ་དང་ཁོང་ལ་ཉིན་རེར་གླ་ཆ་སྒོར་120ཡོད་པའི་ཁར་ད་དུང་ཡལ་ག་འཐེན་སྟངས་དང་སྨན་གཏོར་སྟངས་སོགས་ཀྱི་ལག་རྩལ་ཡང་ཤེས་པ་རེད།
     “སྡོང་པོ་དེར‘བདག་པོ’ཡོད”ཀུའེ་ཨའོ་སེམས་ཀྱི་ཉི་ཟླ་གླིང་ཁུལ་གྱི་སྤྱི་ཁྱབ་ཅིང་ལི་ཧྲེན་ཡུས་ཧའོ་ཡིས། དུད་ཚང་དབུལ་པོའི“དུད་ཚང་རེར་རྩི་ཤིང་རེའི”དབུལ་སྐྱོར་བྱེད་ཐབས་ནི་འཚོལ་ཞིབ་བྱས་པ་ཞིག་ཡིན་ཞིང་། ཁེ་ལས་ཀྱིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་4600ལྷག་ཙམ་གྱི་ཆ་འཕྲིན་གྲངས་གཞིའི་མཛོད་དུ་བཅུག་ནས་དུད་ཚང་རེར་ལོ་6ནང་སྐྱེ་ཐུབ་པའི་སེའུ་སྡོང་རེ་སྤྲད་པ་དང་སྡོང་པོ་ཚང་མར་རྩ་གཉིས་ཨང་རྟགས་བཟོས་ཏེ། དུད་ཚང་དབུལ་པོའི་ཆ་འཕྲིན་བཅུག་པ་དང་འབྲས་བུ་བཏགས་རྗེས་ཀུང་སིས་ཕྱིར་ཚོང་བྱས་རྗེས་སྡོང་པོ་རེར་ཐ་སྐྱོང་ཁེ་ཕན་ལྟར་ཁ་གཏད་དུད་ཚང་དབུལ་པོར་བགོ་བཤའ་རྒྱག་རྒྱུ་རེད་ཅེས་བཤད།
     གཞན་ཡང་ཀུང་སི་དེས་གྲོང་མིའི་ལག་ནས་ལོ་20རིང་ས་ཞིང་བརྒྱུད་བཤུག་བླངས་ཏེ་ལོ་རེར་མུའུ་རེར་བརྒྱུད་བཤུག་དངུལ་སྒོར་500སྤྲོད་པ་དང་ལོ་ལྔ་རེར་10%སྤོར་བ་དང་དུས་མཚུངས་གྲོང་མི་40ལྷག་ཙམ་ཡུན་རིང་གླ་པར་བསྡུས་ཡོད། ཞིང་བྲེལ་སྐབས་ལས་མི་བརྒྱ་ལྷག་ཙམ་ཟིན་ནས་མི་རེར་ཉིན་རེར་གླ་ཆ་སྒོར་120སྤྲོད་ཀྱི་ཡོད་པ་རེད།
     ཡུལ་མིའི་མགྲོན་ཁང་དུ་ལུས་སེམས་རྣལ་ལ་ཕབ་པ།
     ཞོགས་པར། ལོ་51ལ་སླེབས་པའི་བསོད་ནམས་དོན་གྲུབ་དང་བཟའ་ཟླས་ཇ་བསྲུབས་མ་དང་བག་ལེབ་བཟོས་ཏེ་མགྲོན་པོ་ཚོར་ཞོགས་ཟས་གྲ་སྒྲིག་བྱེད་འགོ་ཚུགས།
     བསོད་ནམས་དོན་གྲུབ་ཀྱི་ཁྱིམ་བདེ་ཆེན་རྫོང་བླ་རི་ཤང་ལྕགས་ཕུག་གྲོང་ཚོའི་ཤུག་རྟ་གྲོང་མིའི་ཚོགས་ཆུང་དུ་གནས་པ་དང་འཛམ་གླིང་གི་རིག་གནས་ཤུལ་བཞག“གཙང་གསུམ་མཉམ་འདྲེས”ཀྱི་ལྟེ་བར་གནས་ཤིང་། ཁ་བ་དཀར་པོ་དང་གཙང་པོ་གཅིག་གི་ཁ་སྤྲོད་དུ་གནས། ལོ་མང་རིང་གྲོང་མིའི་འཚོ་བ་དབུལ་ཞིང་ཕོངས་པས་མཛེས་ལྗོངས་ཇི་ལྟར་ལྟ་ན་སྡུག་རུང་མྱོང་རོལ་བྱེད་སེམས་མེད། དེས་ན་ཁང་པ་བརྒྱབ་པ་དང་ལམ་བསྐྲུན་པ་ལ་སོགས་ཏང་གི་སྲིད་ཇུས་བཟང་པོ་ལས་ཤུག་རྟ་གྲོང་ཚོའི་རྣམ་པ་གསར་རྐྱང་དུ་གྱུར།
     2017ལོར་ཀོང་ཏུང་ཧྥུའོ་ཧྲན་གྱི་མི་སྣ་ཁ་ཤས་གྲོང་ཚོར་རྟོག་ཞིབ་བྱེད་པར་སླེབས་སྐབས་དེ་གའི་མཛེས་ལྗོངས་དང་དམངས་སྲོལ་ལ་ཡིད་དབང་འཕྲོག་པ་དང་། 2018ལོར་འབྲེལ་ཡོད་སྡེ་ཚན་དང་གྲོང་ཚོ་མཉམ་ལས་བྱས་ཏེ་ཁ་བ་དཀར་པོའི་ཞོ་ཏ་མཚོའི་གསར་སྤེལ་ཚད་ཡོད་ཀུང་སི་བཙུགས་ནས་ཡུལ་མིའི་མགྲོན་ཁང་སོགས་ཀྱི་ཐོན་ལས་འཕེལ་རྒྱས་བཏང་བ་རེད།
     “ཐོག་མར་གྲོང་མི་ཕལ་ཆེ་བས་དེ་ཙམ་གྱིས་སེམས་ནུས་གཅིག་ཏུ་སྒྲིལ་ཐུབ་ཀྱི་མེད”ཅེས་བསོད་ནམས་དོན་གྲུབ་ཀྱིས་བཤད་པ་དང་། ཁོང་གིས་དང་ཐོག་རང་ཉིད་དང་གྲོ་ཚོའི་ཚོགས་ཆུང་གི་ཙུའུ་ཀྲང་རིན་ཆེན་རྡོ་རྗེ་དང་རྩིས་པ་སྐལ་བཟང་དོན་གྲུབ་ཀྱིས་སྣེ་ཁྲིད་དཔེ་སྟོན་བྱས་ཏེ་བཟོ་པ་གླས་པ་དང་ཤིང་ཆ་གྲ་སྒྲིག་བྱས་ཐོག་ཀུང་སིས་ལྕགས་རྩིབས་མ་སོགས་འཛུགས་སྐྲུན་རྒྱུ་ཆ་དང་ཁྱིམ་ཆས་མཁོ་འདོན་བྱས་ཏེ་གློག་མཁོ་འདོན་སོགས་ཀྱི་སྒྲིག་ཆས་འཐུས་སྒོ་ཚང་དུ་བཏང་མཐར་ན་ནིང་ཟླ་8པར་གནའ་ཉམས་དོད་པའི་བོད་བཟོའི་ཡུལ་མིའི་མགྲོན་ཁང་ཞིག་བསྐྲུན་ནས་མགྲོན་པོ་བསུས་པ་རེད།
     ཀུང་སིའི་རྒྱུན་ལས་སྤྱི་ཁྱབ་ཅིང་ལི་གཞོན་པ་ཁྲེང་ཤིས་ཀྱིས་ངོ་སྤྲོད་བྱས་དོན། ཀུང་སིས་ཡུལ་སྐོར་བ་སྤྱི་འདོམས་བྱས་ཏེ་ཡུལ་སྐོར་བའི་འདུན་པ་ལྟར་ཞིང་དུད་དུ་སྡོད་དུ་བཅུག་པ་དང་ཁེ་སྤོགས་གྲོང་མི་དང་ཀུང་སིས་ཕྱེད་ཀ་ཏག་ཏག་བགོ་བཤའ་བརྒྱབ་པ་མ་ཟད། ཀུང་སིས་ད་དུང་དུད་ཚང་རེར་ལོ་རེར་གཏན་འཇགས་ཁེ་སྤོགས་སྒོར་ཁྲི་གཅིག་རེ་སྤྲོད་ཀྱི་ཡོད་པ་རེད།
     ཞིམ་མངར་ལྡན་པའི་རྒུན་ཆང་།
     འབའ་ལུང་རྫོང་དུ་སྐམ་ཤས་ཆེ་ལ་ཚ་གདུག་ཆེ་བ་དང་རོང་གཞུང་མང་པོ་ཡོད་ཅིང་། ཉིན་མོ་དང་མཚན་མོའི་དབར་གྱི་དྲོད་ཚད་ཧེ་བག་ཆེ་བས་རྒུན་འབྲུམ་འདེབས་རྒྱུར་འཚམ་པོ་ཡོད་པ་དང་ལྷ་ཕུ་རོང་གཞུང་སོགས་ནི་རྒུན་ཆང་བཟོ་བྱེད་ཀྱི་རྒུན་འབྲུམ་འདེབས་ཁུལ་རྩེ་གྲ་ཞིག་རེད། འོན་ཀྱང་ལོ་མང་རིང་ཡུལ་དེའི་གྲོང་མི་ཕལ་ཆེ་བས་མ་རྨོས་ལོ་ཏོག་དང་གྲོ་འདེབས་རྒྱུ་གཙོ་བོར་བྱས་པས་ཡོང་འབབ་ཕྲན་བུ་ལས་མེད།
     རྒུན་ཆང་ཐོན་ལས་འཕེལ་རྒྱས་གཏོང་ཆེད་འབའ་ལུང་རྫོང་གིས་སྲིད་ཇུས་བཏོན་ནས་རྟེན་གཞི་བསྐྲུན་པ་དང་། སྣེ་འདྲེན་ཁེ་ལས་ནང་འདྲེན་བྱས་ཏེ་ཞིང་ནང་གི་ཆུ་གྲོན་ཆུང་སོགས་ཀྱི་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་ཐོག་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་ཞིང་། མིག་སྔར་རྒུན་འབྲུམ་འདེབས་ཁྱོན་མུའུ་5300ལྷག་ཙམ་ཟིན་གྱི་ཡོད་པ་རེད།
     འབའ་ལུང་རྫོང་གི་རྫོང་དཔོན་ཧོང་ལུང་ཤིན་གྱིས། ང་ཚོས་ཁྱད་ལྡན་རྒུན་འབྲུམ་རྟེན་གཞི་དང་ཆང་ཁང་བཀྲག་མདངས་འཚེར་སར་བྱས་ཏེ་མི་ཆོས་རིག་གནས་ཀྱི་མཛེས་ལྗོངས་དང་ཟུང་འབྲེལ་གྱིས་ཐོན་ལས་དང་། ཐོན་ཟོག རིག་གནས། ཡུལ་སྐོར་བཅས“ཁག་བཞི་གཞི་གཅིག་ཏུ་བསྡུས་པའི”འཕེལ་རྒྱས་དང“ཀུང་སི་དང་། རྟེན་གཞི། མཐུན་ཚོགས། ཞིང་དུད”བཅས་ཟུང་དུ་སྦྲེལ་བའི་ཐོན་ལས་ཅན་འཕེལ་རྒྱས་བཏང་ཡོད་ཅེས་བཤད།
     ཆང་ཁང་དང་གྲོང་མི་མཉམ་ལས་བྱས་ཏེ་ས་ཞིང་བརྒྱུད་བཤུག་དང་རྒུན་འབྲུམ་ཉོ་བ་སོགས་བྱས་པ་བརྒྱུད་གྲོང་མིའི་ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་སྐུལ་ཁྲིད་བྱས་ཏེ་ཉེ་འགྲམ་གྱི་གྲོང་མི་དུད་ཚང་500ལྷག་ཙམ་ལ་སྐུལ་ཁྲིད་ཐུབ་རྒྱུ་རེད།
     “ཆང་ཁང་གིས་སྡོང་ཕྲུག་དང་ལག་རྩལ་མཁོ་འདོན་བྱས་པས་རྒུན་འབྲུམ་མུའུ་བཞིར་ལོའི་ཡོང་འབབ་སྒོར་ཁྲི་2ལྷག་ཙམ་ཟིན་ཡོད”ཅེས་ལོ་53ལ་སླེབས་པའི་ཆེ་པེ་གྲོང་ཚོའི་གྲོང་མི་ཧོང་ཕུའུ་ཞང་གིས་བཤད་པ་དང་ཁོང་ནི་གྲོང་ཚོའི་ནང་གི་རྒུན་འབྲུམ་འདེབས་ཅུང་སྔ་བའི་གྲས་ཤིག་ཡིན་ཞིང་། ཆང་ཁང་དུ་ལས་ཀ་བྱས་པས་ལོ་ལྟར་ད་དུང་ཡོང་འབབ་སྒོར་ཁྲི་3ལྷག་ཙམ་ཡོང་གི་ཡོད་པ་རེད།
འདི་ནི་བདེ་ཆེན་རྫོང་བླ་རི་ཤང་ལྕགས་ཕུག་གྲོང་ཚོའི་ཤུག་རྟ་གྲོང་མི་ཚོགས་ཆུང་གི་གྲོང་མི་བསོད་ནམས་དོན་གྲུབ(དཀྱིལ)དང་གྲོང་མིས་མཉམ་དུ་འཛུགས་སྐྲུན་རྒྱུ་ཆ་དབོར་བཞིན་པ།
འདི་ནི་ཀུའེ་ཨའོ་སེམས་ཀྱི་ཉི་ཟླ་གླིང་ཁུལ་གྱི་ལག་རྩལ་མི་སྣས(གཡོན)བདེ་ཆེན་རྫོང་གཡག་རྭ་ཤང་ནས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་སྤོས་པའི་བློ་བཟང་ཟླ་བར་སེའུ་འདེབས་འཛུགས་ཀྱི་ལག་རྩལ་སློབ་བཞིན་པ།
འདི་ནི་ཞོགས་པ་བསོད་ནམས་དོན་གྲུབ་ཀྱིས་མགྲོན་པོར་ཞོགས་ཟས་གྲ་སྒྲིག་བྱེད་བཞིན་པ།

中央广播电视总台 央广网 版权所有

གནམ་ས་གསར་པ་བཏོད་པ།

“ཧ་ཅང་ཞིམ་པོ་འདུག”ལོ་21ལ་སླེབས་པའི་གཡང་འཛོམས་ན་ནིང་སེའུ་ཟ་ཐེངས་དང་པོ་ཡིན་པ་དང་ཁོ་མོར་སྤོབས་སེམས་སྐྱེ་འོས་པ་ཞིག་ནི་ཤིང་འབྲས་དེའི་ཐོན་ཡུལ་རང་གི་ཕ་ཡུལ་ཡིན་པ་རེད། གཡང་འཛོམས་ཀྱི་ཁྱིམ་ནི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་ཉི་ཤར་གྲོང་ཚོར་གནས་པ་དང་དེ་གའི་གྲོང་མི་ཚོས་གཙོ་བོ་ཕྱུགས་འཚོ་བ་དང་ནས་འདེབས་པ་ལས་སེའུ་དང་ལས་འབྲེལ་ཡོང་སྙམ་པ་སེམས་སུ་འཁོར་མྱོང་མེད།