ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཨ་ཧྥེ་རི་ཁ་སྐམ་ས་ཆེ་མོའི་རང་མོས་ཚོང་དོན་ཁུལ་དངོས་སུ་སྤྱོད་འགོ་ཚུགས་པ།

2021-01-12 14:41:00     责编:卓玛才让

2021ལོའི་ཟླ་1ཚེས་1ཉིན་ཨ་ཧྥེ་རི་ཁ་སྐམ་ས་ཆེ་མོའི་རང་མོས་ཚོང་དོན་ཁུལ་གྱི་རང་མོས་ཚོང་དོན་གྱི་འགོ་འཛུགས་མཛད་སྒོ་དེ་དྲ་ཐོག་ནས་གཉེར་བའི་རྣམ་པའི་ཐོག་ནས་ཨ་ཧྥེ་རི་ཁའི་རང་མོས་ཚོང་དོན་ཁུལ་དངོས་སུ་ཚུགས་པ་མཚོན་གྱི་ཡོད། དབྱེ་ཞིབ་མི་སྣས་ཨ་ཧྥེ་རི་ཁའི་རང་མོས་ཚོང་དོན་ཁུལ་འཛུགས་སྐྲུན་ལ་སྤྱིར་ན་འགྲན་སློང་མང་པོ་ཕྲད་ནའང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱིས་དཔལ་འབྱོར་ཕྱོགས་སྒྱུར་ལ་སྐུལ་མ་གཏོང་བའི་ཆོད་སེམས་མངོན་པ་དང་ཨ་ཧྥེ་རི་ཁའི་འཕེལ་རྒྱས་ཀྱི་མཉེན་ཤུགས་ཆེ་རུ་འགྲོ་བའི་རེ་བ་ཡོད་པའི་ངོས་འཛིན་བྱས་ཡོད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་ལས་དྲུང་ཆེ་གཞོན་པ་ཨ་མིང་ནཱ·མུའུ་ཧན་མོའུ་ཏེ་ཡིས་དེ་ཉིན་གྱི་འགོ་འཛུགས་མཛད་སྒོའི་ཐོག་སྒྲོན་པའི་ཤིས་ཚིག་ནང་། ཨ་ཧྥེ་རི་ཁའི་རང་མོས་ཚོང་དོན་ཁུལ་གྱིས་ཨ་ཧྥེ་རི་ཁས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་དམིགས་ཚད་འགྲུབ་པའི་ཤུལ་ལམ་དུ་བསྐྱར་ལོག་བྱ་རྒྱུར་གོ་སྐབས་བཟང་པོ་བསྐྲུན་ཡོད་ཅེས་བརྗོད་པ་རེད།

འབྲེལ་ཡོད་གྲོས་དོན་གྱི་བཀོད་སྒྲིག་ལྟར། 2021ལོའི་ཟླ་1ཚེས་1ཉིན་ནས་བཟུང་ཨ་ཧྥེ་རི་ཁའི་རང་མོས་ཚོང་དོན་ཁུལ་གྱི་ཁོངས་མིས་ཐོན་རྫས་ཀྱི་རིགས་དབྱེ་དང་སོ་སོའི་གནས་ཚུལ་ལྟར་དམིགས་བསལ་ཐོན་རྫས་ཕུད་པའི་ཚོང་ཟོག་གི་སྒོ་ཁྲལ་རིམ་གྱིས་མེད་པ་བཟོ་རྒྱུ་རེད། རང་མོས་ཚོང་དོན་ཁུལ་གྱི་གཞུང་ཕྱོགས་དྲ་ཚིགས་དང་ལེ་ལག་ཚང་བའི་གྲངས་གཞིའི་ལྟ་སྐུལ་ཚད་ལེན་གྱི་ལས་སྟེགས་དེ་དྲ་ཐོག་ཏུ་བཏོན་པ་དང་ཀག་ནའི་རྒྱལ་ས་ཨ་ཁ་རའི་ཨ་ཧྥེ་རི་ཁའི་རང་མོས་ཚོང་དོན་ཁུལ་གྱི་དྲུང་ཡིག་ཁྲུའུ་ཡང་སྤྱོད་འགོ་ཚུགས་ཡོད།

2019ལོའི་ཟླ་7ཚེས་7ཉིན་ཨ་ཧྥེ་རི་ཁའི་རང་མོས་ཚོང་དོན་ཁུལ་དངོས་སུ་འགོ་ཚུགས་པའི་ཁྱབ་བསྒྲགས་བྱས་ཀྱང་། ཏོག་གསར་གློ་ཚད་རིམས་ནད་ཀྱི་དབང་གིས་ཨ་ཧྥེ་རི་ཁ་སྐམ་ས་ཆེ་མོའི་རང་མོས་ཚོང་དོན་གྱི་ཆོད་དོན་དེ་སྔར་གྱི་འཆར་གཞི་ལྟར་2020ལོའི་ཟླ་7ཚེས་1ཉིན་དངོས་སུ་ལག་བསྟར་བྱེད་ཐུབ་མེད། མིག་སྔའི་བར་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་ཁོངས་མི་55ཡི་ཁྲོད་ཁོངས་མི་54ཡིས་ཨ་ཧྥེ་རི་ཁ་སྐམ་ས་ཆེ་མོའི་རང་མོས་ཚོང་དོན་སྒྲོམ་གཞིའི་ཆོད་དོན་བཞག་པ་དང་། ཁོངས་མི་34ཡིས་རྒྱལ་ཁབ་དེ་རང་གི་འབྲེལ་ཡོད་བཅའ་ཁྲིམས་གོ་རིམ་ལེགས་གྲུབ་བྱས་ནས་རང་མོས་ཚོང་དོན་ཁུལ་གྱི་ཁོངས་མིར་དངོས་སུ་གྱུར་ཡོད།

ཨ་མིང་ནཱ·མུའུ་ཧན་མོའུ་ཏེ་ཡིས། ཨ་ཧྥེ་རི་ཁའི་རང་མོས་ཚོང་དོན་ཁུལ་གྱིས་སྔོན་དཔག་ལྟར་ན་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་དབར་གྱི་བཟོ་ལས་ཐོན་རྫས་ཀྱི་ཚོང་དོན་25%ནས་30%བར་འཕར་ཏེ་ཨ་ཧྥེ་རི་ཁའི་བཟོ་ལས་ཅན་གྱི་འཕེལ་རིམ་ལ་སྐུལ་མ་ཐེབས་ནས་ཨ་ཧྥེ་རི་ཁའི་དཔལ་འབྱོར་གྱིས་རིམས་ནད་ལ་ཁ་གཏད་གཅོག་པ་དང་དུས་མཚུངས་རྒྱུན་མཐུད་ཆོག་པའི་སླར་གསོ་ཡོང་བར་རམ་འདེགས་བྱ་རྒྱུ་རེད་ཅེས་བརྗོད།

ཨ་ཧྥེ་རི་ཁའི་རང་མོས་ཚོང་དོན་ཁུལ་གཉེར་འགོ་ཚུགས་པ་ལས་ཨ་ཧྥེ་རི་ཁ་སྐམ་ས་ཆེ་མོས་དཔལ་འབྱོར་ཕྱོགས་སྒྱུར་ལ་སྐུལ་འདེད་དང་རང་ཉིད་ཀྱི་ལས་དབང་སྟངས་འཛིན་བྱེད་པའི་ཆོད་སེམས་སླར་ཡང་གསལ་པོར་མངོན་ཡོད། ཉེ་ཆར་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞི་ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ལ་མ་ཧྥུ་ས་ཡིས། ཨ་ཧྥེ་རི་ཁའི་རང་མོས་ཚོང་དོན་ཁུལ་དངོས་སུ་གཉེར་འགོ་ཚུགས་པ་ནི་ཨ་ཧྥེ་རི་ཁའི་གཞི་གཅིག་ཅན་གྱི་འཕེལ་རིམ་ནང་གི་གལ་འགངས་ཆེ་ཤོས་ཀྱི་ལམ་ཚད་རྡོ་རིང་གི་གྲས་ཤིག་ཡིན་པ་དང་། ཨ་ཧྥེ་རི་ཁས་འཛམ་གླིང་ལ“ཨ་ཧྥེ་རི་ཁས་ལས་དབང་རང་ཉིད་ཀྱི་ལག་ཏུ་འཛིན་རྒྱུའི”རྣམ་འགྱུར་གསལ་པོ་ཞིག་བསྟན་པའང་ཡིན་ཞེས་ཡོངས་བསྒྲགས་བྱས་ཡོད།

ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།

中央广播电视总台 央广网 版权所有

ཨ་ཧྥེ་རི་ཁ་སྐམ་ས་ཆེ་མོའི་རང་མོས་ཚོང་དོན་ཁུལ་དངོས་སུ་སྤྱོད་འགོ་ཚུགས་པ།

2021ལོའི་ཟླ་1ཚེས་1ཉིན་ཨ་ཧྥེ་རི་ཁ་སྐམ་ས་ཆེ་མོའི་རང་མོས་ཚོང་དོན་ཁུལ་གྱི་རང་མོས་ཚོང་དོན་གྱི་འགོ་འཛུགས་མཛད་སྒོ་དེ་དྲ་ཐོག་ནས་གཉེར་བའི་རྣམ་པའི་ཐོག་ནས་ཨ་ཧྥེ་རི་ཁའི་རང་མོས་ཚོང་དོན་ཁུལ་དངོས་སུ་ཚུགས་པ་མཚོན་གྱི་ཡོད།