ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ལོ་31རིང་གི་སྲོལ་རྒྱུན་གྱི་ཕྱི་འབྲེལ་ལས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་བརྩེ་བ་ཟབ་མོ་མངོན་པ།

2021-01-07 10:21:00     责编:sangjzm

ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཚའོ་ཁའེ།

ཚེས་4ཉིན་ཀྲུང་གོའི་རྒྱལ་དོན་ཨུ་ཡོན་དང་ཕྱི་འབྲེལ་པུའི་པུའུ་ཀྲང་གཅིག་ལྕོགས་ཝང་དབྱི་ཡིས་ནི་ཀྲེ་རི་ཡ་དང་། ཁོང་ཀོ(ཅིན) པོ་ཚི་ཝ་ན། ཐན་ཙན་ནི་ཡ། སེ་ཧྲེར་བཅས་རྒྱལ་ཁབ་ལྔ་ལ་དངོས་གཞིའི་འཚམས་འདྲི་གནང་བ་རེད། དེ་ནི་ཀྲུང་གོའི་ཕྱི་འབྲེལ་པུའུ་ཀྲང་གིས་1991ལོ་ནས་བཟུང་ལོ་གསར་པའི་འཚམས་འདྲི་ཨང་དང་པོ་ཨ་ཧྥེ་རི་ཁར་བསྟུད་མར་གནང་ཐེངས་སོ་གཅིག་པ་དེ་རེད། ཏོག་གསར་གློ་ཚད་རིམས་ནད་གོ་ལ་ཧྲིལ་པོར་སྔར་བཞིན་མཆེད་པའི་སྐབས་སུ། ཀྲུང་གོའི་ཕྱི་འབྲེལ་པུའུ་ཀྲང་གིས་སྲོལ་རྒྱུན་མཐའ་འཁྱོངས་ཀྱིས་ལེ་དབར་ཁྲི་ཡིས་ཆོད་པའི་ཨ་ཧྥེ་རི་ཁར་འཚམས་འདྲི་གནང་བ་ལས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དབར་སྐྱིད་སྡུག་མཉམ་མྱོང་དང་ཕན་ཚུན་རོགས་རེས་ཀྱི་སྤུན་ཟླའི་བརྩེ་དུང་ཟབ་མོ་མངོན་ཡོད།

ཀྲུང་གོའི་ཕྱི་འབྲེལ་པུའུ་ཀྲང་གིས་ལོ་གསར་པའི་འཚམས་འདྲི་ཨང་དང་པོ་ཨ་ཧྥེ་རི་ཁར་གནང་བའི་སྲོལ་རྒྱུན་དེ་ནི་ཀྲུང་གོ་དང་ཨ་ཧྥེ་རི་ཁ་དབར་མཛའ་གྲོགས་ཀྱི་ལོ་རྒྱུས་རིང་བའི་དཔང་རྟགས་ནུས་ལྡན་ཞིག་ཡིན། འདས་མ་ཐག་པའི་2020ལོ་ནི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་བཙུགས་ནས་ལོ་20འཁོར་བའི་ལོ་ཡིན། ལོ་20ཡི་རིང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱིས་ཞི་བདེ་དང་། འཕེལ་རྒྱས། མཉམ་ལས་བཅས་ཀྱི་དུས་རབས་ཀྱི་རླབས་རྒྱུན་དང་བསྟུན་པ་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ལ་སྣེ་ཁྲིད་བྱས་པས། ཕྱོགས་མང་རིང་ལུགས་ལག་ལེན་བསྟར་བ་དང་གཉིས་ཁེ་གཉིས་ཕན་ཡོང་རྒྱུ་མཐའ་འཁྱོངས་བྱེད་པའི་དཔེ་མཚོན་ཞིག་ཏུ་གྱུར་ཡོད།

རིམས་ནད་ཐོན་པའི་སྐབས་ཀྲུང་གོ་དང་ཨ་ཧྥེ་རི་ཁས་སྐྱིད་སྡུག་མཉམ་མྱོང་བྱས་ཡོད། ཀྲུང་གོས་རིམས་ནད་ལ་འགོག་རྒོལ་བྱེད་པའི་དཀའ་ངལ་ཆེ་ཤོས་ཀྱི་སྐབས་སུ། ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་50ལྷག་ཙམ་གྱི་གློག་འཕྲིན་བཏང་བའམ་ཡང་ན་གསལ་བསྒྲགས་སྤེལ་ནས་ཀྲུང་གོར་འཚམས་འདྲི་ཞུས་ཏེ་རྩ་ཆེའི་རྒྱབ་སྐྱོར་བྱས་ཡོད། ཨ་ཧྥེ་རི་ཁར་རིམས་ནད་ཐོན་པའི་རྗེས། ཀྲུང་གོས་སྔོན་ལ་རོགས་སྐྱོར་བྱས་ཏེ་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་རིམས་འགོག་དངོས་ཟོག་ཕོན་ཆེན་མཁོ་འདོན་བྱས་པ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་བཅུ་གྲངས་ལ་རིམས་འགོག་སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་ཆུང་ཡང་མངགས་པ་མ་ཟད། ཀྲུང་གོ་ཕྱོགས་ཀྱིས་ད་དུང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་12དང་བུ་ལོན་ནར་འགྱངས་ཀྱི་གན་རྒྱ་བཞག་ནས་2020ལོའི་ལོ་མཇུག་ཏུ་འཇལ་བའི་དུས་ཚོད་ཐིམས་པའི་སྐྱེད་མེད་བུ་ལོན་ཆག་ཡང་དང་རྩ་ཆག་བཏང་ནས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་ཁོངས་མིའི་ཁྲོད་ཀྱི་ནར་འགྱངས་བུ་ལོན་མང་ཤོས་ཀྱི་རྒྱལ་ཁབ་ཏུ་གྱུར་ཞིང་། ཀྲུང་གོ་ཕྱོགས་ཀྱིས་ད་དུང་ཀྲུང་གོ་དང་ཨ་ཧྥེ་རི་ཁས་རྡོག་རྩ་གཅིག་སྒྲིལ་བྱས་ནས་རིམས་ནད་ལ་འགོག་རྒོལ་བྱེད་པའི་དམིགས་བསལ་དབུ་ཚོགས་ཐོག་གི་ཁས་ལེན་ལག་བསྟར་བྱས་ཏེ། ན་ནིང་ལོ་མཇུག་ཏུ་ཨ་ཧྥེ་རི་ཁའི་ནད་ཡམས་ཚོད་འཛིན་ལྟེ་གནས་སྤྱི་ཁྱབ་པུའུ་སྔ་སྣུར་དུ་བསྐྲུན་པ་རེད།

དུས་ཡུན་རིང་པོའི་ནང་། རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་ཇི་འདྲ་བྱུང་ཡང་། ཀྲུང་གོ་དང་ཨ་ཧྥེ་རི་ཁས་གཉིས་ཕན་མཉམ་ལས་ལ་ཐོག་མཐའ་བར་གསུམ་དུ་སྐུལ་འདེད་བརྟན་པོ་བཏང་ནས་ཕྱོགས་གཉིས་པོར་ཁ་ཡོད་ལག་ཡོད་ཀྱི་ཁེ་ཕན་ཐོབ་ཡོད། ཀྲུང་གོས་བཏོན་པའི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི“མཉམ་ལས་ཀྱི་འཆར་གཞི་ཆེན་པོ་བཅུ”དང་། “བྱ་སྤྱོད་ཆེན་པོ་བརྒྱད”སོགས་ཀྱིས་འཕེལ་རྒྱས་གཏོང་རྒྱུར་དམིགས་ཏེ་ཨ་ཧྥེ་རི་ཁར་སྤྱི་ལེ་6000ལྷག་ཙམ་གྱི་ལྕགས་ལམ་དང་། སྤྱི་ལེ་6000ལྷག་ཙམ་གྱི་གཞུང་ལམ་སྐྲུན་རོགས་བྱས་པ་མ་ཟད། གྲུ་ཁ་20ཙམ་དང་གློག་ཤུགས་སྒྲིག་ཆས་80ལྷག་ཙམ་བསྐྲུན་ཡོད། 2000ལོར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་བཙུགས་པ་ནས་བཟུང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཚོང་དོན་བསྡོམས་འབོར་ལྡབ་20འཕར་ནས་ཀྲུང་གོས་ཨ་ཧྥེ་རི་ཁར་ཐད་ཀར་མ་འཇོག་བྱེད་ཚད་ལྡབ་100མང་དུ་ཕྱིན་ཡོད་པ་རེད།

མི་རིང་བའི་གོང་། ཀྲུང་གོ་དང་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱིས《“རྒྱུད་གཅིག་ལམ་གཅིག”བསྐྲུན་རྒྱུར་མཉམ་དུ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་དང་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་མཉམ་ལས་འཆར་འགོད》ལ་མིང་རྟགས་བཀོད་ཅིང་། དེ་ནི་ཀྲུང་གོ་དང་ས་ཁོངས་རང་བཞིན་གྱི་རྒྱལ་སྤྱིའི་རྩ་འཛུགས་དབར་བཞག་པའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་འཆར་འགོད་རིགས་ཀྱི་མཉམ་ལས་ཡིག་ཆ་དང་པོ་དེ་ཡིན་པ་རེད། 《མཉམ་ལས་འཆར་འགོད》ལ་མིང་རྟགས་བཀོད་པ་དེས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་གཏོང་བའི་གྲོས་འགོ་དེ་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི《2063ལོའི་གྲོས་རིམ》དང་སྦྲེལ་མཐུད་ཐུབ་ནས་ཕྱོགས་གཉིས་པོའི་ལེགས་ཆ་གསབ་རེས་ལ་སྐུལ་མ་ཐེབས་ཏེ་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་མཉམ་དུ་ཁ་གཏད་བཅག་ནས་གོ་ལ་ཧྲིལ་པོའི་མཉམ་ལས་ལ་གོ་སྐབས་གསར་པ་བཏོད་དེ་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བར་སྒུལ་ཤུགས་གསར་པ་སྦྱིན་རྒྱུ་རེད།

ལོ་གསར་པར་རྒྱང་ལྟ་བྱེད་སྐབས། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ལ་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་ཞིག་ཡོང་རྒྱུ་རེད། 2021ལོ་ནི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་བྱེད་པའི་མཇུག་བསྡུའི་ལོ་ཞིག་ཡིན་སྟབས། ཝང་དབྱིས་ད་རེས་འཚམས་འདྲི་གནང་བར་ཕེབས་པ་དེས་ཨ་ཧྥེ་རི་ཁ་ཕྱོགས་དང་འབྲེལ་བ་དམ་ཟབ་བྱུང་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འགོ་ཁྲིད་པའི་དབར་བྱུང་བའི་ཐུན་མོང་ངོས་འཛིན་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁས་རྡོག་རྩ་གཅིག་སྒྲིལ་བྱས་ནས་རིམས་ནད་ལ་འགོག་རྒོལ་བྱེད་པའི་དམིགས་བསལ་དབུ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་བྱ་རྒྱུར་སྐུལ་མ་ཐེབས་རྒྱུ་མ་ཟད། ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་རིམས་ནད་འགོག་རྒོལ་དང་། དཔལ་འབྱོར་སླར་གསོ་མངོན་འགྱུར་ཡོང་བར་རྒྱབ་སྐྱོར་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་བཏང་ནས་སྔར་ལས་འབྲེལ་བ་དམ་ཟབ་ལྡན་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་རྒྱུར་སྐུལ་མ་ཐེབས་རྒྱུ་ཡིན་པ་རེད།

中央广播电视总台 央广网 版权所有

ལོ་31རིང་གི་སྲོལ་རྒྱུན་གྱི་ཕྱི་འབྲེལ་ལས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་བརྩེ་བ་ཟབ་མོ་མངོན་པ།

ཚེས་4ཉིན་ཀྲུང་གོའི་རྒྱལ་དོན་ཨུ་ཡོན་དང་ཕྱི་འབྲེལ་པུའི་པུའུ་ཀྲང་གཅིག་ལྕོགས་ཝང་དབྱི་ཡིས་ནི་ཀྲེ་རི་ཡ་དང་། ཁོང་ཀོ(ཅིན) པོ་ཚི་ཝ་ན། ཐན་ཙན་ནི་ཡ། སེ་ཧྲེར་བཅས་རྒྱལ་ཁབ་ལྔ་ལ་དངོས་གཞིའི་འཚམས་འདྲི་གནང་བ་རེད། དེ་ནི་ཀྲུང་གོའི་ཕྱི་འབྲེལ་པུའུ་ཀྲང་གིས་1991ལོ་ནས་བཟུང་ལོ་གསར་པའི་འཚམས་འདྲི་ཨ