ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ལོ་གསར་པར་རིམས་ནད་སྔར་བཞིན་གོ་ལ་ཧྲིལ་པོར་འགོས་ཁྱབ་འགྲོ་ཉེན་ཡོད་པ་དང་། རིམས་འགོག་སྨན་རྒྱག་རྒྱུ་དེས་རེ་བ་གསར་པ་སྦྱིན་རྒྱུ་ཡིན་པ་རེད།

2021-01-06 15:12:00     责编:sangjzm

ཏོག་གསར་གློ་ཚད་རིམས་ནད་སྔར་བཞིན་གོ་ལ་ཧྲིལ་པོར་འགོས་ཁྱབ་འགྲོ་བཞིན་ཡོད་པ་དང་། ས་གནས་ཁག་མང་པོར་ངོ་བོ་འགྱུར་བའི་ཏོག་གསར་ནད་དུག་ཤེས་རྟོགས་བྱུང་བས་ཀྱང་རིམས་ནད་ཐད་གཏན་འཁེལ་མེད་པའི་རང་བཞིན་མང་པོ་བསྣན་ཡོད་པས། ལོ་གསར་རིང་སྔོན་འགོག་ཚོད་འཛིན་གྱི་དུས་བབ་ཛ་དྲག་པོ་ཡོད་པ་རེད།

རྒྱལ་ཁབ་མང་པོས་བྱ་ཐབས་བཏོན་ནས་ལོ་གསར་གྱི་རྟེན་འབྲེལ་བྱེད་སྒོ་ཚོད་འཛིན་ནམ་བཀག་སྡོམ་བྱས་ཏེ་དུས་ཆེན་རིང་འདུ་འཛོམས་བྱས་པ་ལས་ཏོག་གསར་ནད་དུག་འགོས་ཁྱབ་མྱུར་པོ་འགྲོ་རྒྱུ་འགོག་སྲུང་ནན་པོ་བྱ་རྒྱུ་ཡིན་པ་རེད། ཏོག་གསར་ནད་དུག་གི་རིམས་འགོག་སྨན་ཁྲོམ་རར་ཐོན་པས་འཛམ་གླིང་ལ་རེ་བ་སྦྱིན་ཡོད།
ངོ་བོ་འགྱུར་བའི་ཏོག་གསར་ནད་དུག་དེ་ཨ་རིའི་མངའ་སྡེ་མང་པོར་ཐོན་ཡོད། ད་ཡོད་ཀྱི་གྲངས་གཞི་ལས་མངོན་པར། ངོ་བོ་འགྱུར་བའི་ཏོག་གསར་ནད་དུག་འགོས་ཁྱབ་འགྲོ་སླ་བ་མ་ཟད་འགོས་ཁྱབ་འགྲོ་བའི་མྱུར་ཚད་ཀྱང་ཧ་ཅང་མགྱོགས་པོ་ཡོད། ཨ་རིའི་སི་ཁེ་ལི་ཕུའུ་སི་ཞིབ་འཇུག་ཁང་རྒྱུད་འཛིན་གཞི་རྒྱུའི་མཁས་དབང་ཨེ་ལེ་ཁེ་ཐོ་པོའར་གྱིས། ཉེ་དུས་ཨ་རིའི་ཏོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་རྒྱག་པའི་མྱུར་ཚད་དང་ནད་དཔེ་མང་དུ་ཕྱིན་པའི་མྱུར་ཚད་གཉིས་ཕན་ཚུན་འགྲན་རྩོད་བྱེད་པ་ལྟར་གནས་ཡོད། གསར་དུ་ཤེས་རྟོགས་བྱུང་བའི་ངོ་བོ་འགྱུར་བའི་ཏོག་གསར་གློ་ཚད་ནད་དུག་འགོས་པའི་ནད་དཔེ་གསར་དུ་ཐོན་པ་དེས་གོང་གསལ་གྱི་འགྲན་བསྡུར་དེ་དེ་བས་རྣོ་ངར་ཆེ་རུ་བཏང་ཡོད། སྤྱི་ལོ་2020ལོར་ཏོག་གསར་གློ་ཚད་ནད་དུག་གིས་གོ་ལ་ཧྲིལ་པོར་འགྲན་རྩོད་ཆེན་པོ་བཟོས་པ་དང་། དེའི་ཐོག་གསར་དུ་ཤེས་རྟོགས་བྱུང་བའི་ངོ་བོ་འགྱུར་བའི་ནད་དུག་དེས་འགྲན་རྩོད་དེ་དེ་བས་རྣོ་ངར་ཆེ་རུ་བཏང་ཡོད། ངོ་བོ་འགྱུར་བའི་ཏོག་གསར་ནད་དུག་གི་སྙན་ཞུ་བྱེད་སྔ་ཤོས་ཡིན་པའི་དབྱིན་ཇི་སྲིད་གཞུང་གིས་ཉེ་དུས་འགོག་ཟོན་བྱ་ཐབས་ནན་ཏུ་ཐེངས་མང་བཏང་བ་དང་། དེའི་གོང་དབྱིན་ཀེ་ལན་གྱི་ས་ཁུལ་མང་པོའི་ཏོག་གསར་གློ་ཚད་རིམས་ནད་ཀྱི་འགོག་ཟོན་ཚད་གཞི་དེ་མཐོ་ཤོས་ཡིན་པའི་རིམ་པ་བཞི་པར་སྤར་བ་མ་ཟད་སྔོན་གཏན་འཁེལ་བའི་དུས་ཡུན་ཉིན་ལྔའི་ཡི་ཤུའི་འཁྲུངས་སྐར་དུས་ཆེན་རིང་གི་རིམས་འགོག་གི་ཚད་གཞི་ལྷུག་ཏུ་གཏོང་རྒྱུའི་འཆར་གཞི་ཡང་དོར་ཡོད། དབྱིན་ཇིའི་དབུ་ཞུགས་བློན་ཆེན་གཡོད་ཧན་ཤུན་གྱིས་སྤྱི་ཚེས་4ཉིན་གྱི་དགོང་མོ་དབྱིན་ཀེ་ལན་དུ་གཞི་ཁྱོན་ཆེ་བའི་འགྲོ་སྐྱོད་བཀག་སྡོམ་གྱི་བྱ་ཐབས་ལག་བསྟར་བྱ་རྒྱུ་ཁྱབ་བསྒྲགས་བྱས་པ་དང་། སུའུ་ཀེ་ལན་ས་གནས་སྲིད་གཞུང་གིས་ཀྱང་སྤྱི་ཚེས་4ཉིན་འགྲོ་སྐྱོད་བཀག་སྡོམ་གྱི་བྱ་ཐབས་དེ་འདྲ་བ་ལག་བསྟར་བྱ་རྒྱུ་ཁྱབ་བསྒྲགས་བྱས་ཡོད། ཧྥ་རན་སིའི་འཕྲོད་བསྟེན་པུས་སྤྱི་ལོ་2020ལོའི་ཟླ་12པའི་ཚེས་25ཉིན་ཧྥ་རན་སིར་ངོ་བོ་འགྱུར་བའི་ཏོག་གསར་ནད་དུག་གི་རིམས་ནད་འགོས་པའི་ནད་པ་དང་པོ་ཐོན་པ་སྙན་སེང་ཞུས་ཡོད། ཧྥ་རན་སིའི་པ་སེ་ཏེ་ཞིབ་འཇུག་ཁང་འགོས་ནད་རིག་པའི་རིགས་གཅིག་མཁས་པ། ཏོག་གསར་གློ་ཚད་རིམས་ནད་ཚན་རིག་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ཨན་སྣོ་ཧྥེང་ཐ་ནེས། སྤྱི་ཚེས་4ཉིན་མིག་སྔར་ད་དུང་ཧྥ་རན་སིའི་མངའ་ཁོངས་ནང་ངོ་བོ་འགྱུར་བའི་ཏོག་གསར་ནད་དུག་འགོས་པའི་གཏན་འཁེལ་བྱུང་བའི་ནད་པའི་གྲངས་འབོར་ག་ཚོད་ཡོད་མེད་གསལ་པོ་ཤེས་ཀྱི་མེད་པས་ཧྥ་རན་སིའི་འཕྲོད་བསྟེན་པུས་ངོ་བོ་འགྱུར་བའི་ཏོག་གསར་ནད་དུག་འགོས་པའི་ནད་པའི་གྲངས་འབོར་ཚོད་འཛིན་ནན་ཏན་བྱེད་དགོས་ཞེས་བསྟན་ཡོད་པ་རེད།

ངོ་བོ་འགྱུར་བའི་ཏོག་གསར་ནད་དུག་འགོས་ཁྱབ་འགྲོ་བར་དམིགས་ཏེ་ཧིན་རྡུ་ཉི་ཞི་ཡའི་སྲིད་གཞུང་གིས་སྤྱི་ཚེས་1ཉིན་ནས་14ཉིན་བར་མཐའ་མཚམས་སྒོ་བརྒྱབ་ནས་ཕྱི་རྒྱལ་གྱི་སྤྱི་དམངས་རྒྱལ་ཁོངས་ནང་འཛུལ་རྒྱུ་གནས་སྐབས་བཀག་འགོག་བྱས་ཡོད། དེའི་གོང་རྒྱལ་ཁབ་མང་པོ་ཞིག་གིས་ཀྱང་དབྱིན་ཇི་སོགས་རྒྱལ་ཁབ་ནས་སླེབས་པའི་འགྲུལ་པ་རང་མངའ་ཁོངས་ནང་འཛུལ་རྒྱུ་བཀག་འགོག་བྱས་ཡོད། ཀྲུང་གོའི་རིམས་འགོག་སྨན་ཁབ་ཚུད་པའི་ཏོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་ཁྲོམ་རར་ཐོན་པ་དེས་གོད་ཆག་ཁྲོད་ལྷུང་བའི་འཛམ་གླིང་ལ་རེ་བ་སྦྱིན་པས་འཛམ་གླིང་རྒྱལ་ཁབ་ཁག་གིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་འཚོ་བ་རྒྱུན་གཏན་ལྟར་སླར་གསོ་ཡོང་བར་རེ་བའི་འོད་སྣང་སྦྱིན་ཡོད།

ཐེ་ལན་འཕྲོད་བསྟེན་པུས་སྤྱི་ཚེས་3ཉིན་སྤྱི་བསྒྲགས་སྤེལ་ནས་ཐེ་ལན་སྲིད་གཞུང་གིས་ཀྲུང་གོའི་ཁོ་ཤིན་མ་རྐང་ཚོད་འཛིན་སྐྱེ་ངོས་ལག་རྩལ་ཚད་ཡོད་ཀུང་སི་དང་ཏོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་མངགས་ཉོའི་འགན་རྒྱར་མིང་རྟགས་བཀོད་ཟིན་པ་དང་། ཏོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་ཁྲི་200ཉོ་སྒྲུབ་བྱ་རྒྱུ་ཡིན་ཞེས་བསྟན་འདུག

ཨེ་ཅིབ་འཕྲོད་བསྟེན་དང་མི་འབོར་པུའི་པུའུ་ཀྲང་ཧ་ལ་བཀྲ་ཡེ་ཏེས་སྤྱི་ཚེས་2ཉིན་གྱི་དགོང་མོ་ཨེ་ཅིབ་ཏུ་ཀྲུང་གོའི་རྒྱལ་སྨན་ཚོགས་པའི་ཏོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་ཛ་དྲག་ངང་བེད་སྤྱོད་གཏོང་རྒྱུར་དངོས་སུ་ཆོག་མཆན་སྤྲད་ཟིན་པ་དང་། ཀྲུང་གོའི་ཏོག་གསར་གློ་ཚད་རིམས་འགོག་སྨན་ཁབ་ཀྱི་བདེ་འཇགས་རང་བཞིན་དང་ནུས་ལྡན་རང་བཞིན་ལ་ཚན་རིག་གི་ར་སྤྲོད་བྱུང་ཟིན་པ་བསྟན་འདུག སྤྱི་ལོ་2020ལོའི་ཟླ་12པའི་ཚེས་10ཉིན་གྱི་དགོང་མོ་ཀྲུང་གོའི་ཏོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་ཁེ་རོའི་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་ཡོད།

རྒྱ་གར་སྨན་རྫས་དོ་དམ་ཅུད་ཀྱིས་སྤྱི་ཚེས་3ཉིན་ཏོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་རིགས་གཉིས་རྒྱ་གར་དུ་ཛ་དྲག་ངང་བེད་སྤྱོད་བྱ་རྒྱུའི་དབང་སྤྲོད་རེ་ཞུར་ཆོག་མཆན་སྤྲད་ཡོད། དེའི་ནང་རྒྱ་གར་ཚན་ཞིབ་ཚན་པས་ཞིབ་བཟོ་བྱས་པའི་རིམས་འགོག་སྨན་ཁབ་རིགས་གཅིག་ཚུད་ཡོད། རྒྱ་གར་གྱི་ཙུང་ལི་མོ་ཏིས་ཉིན་དེ་གར་བྱ་ཐབས་དེ་རྒྱ་གར་རིམས་འགོག་ལས་དོན་གྱི་ཁ་ལོ་འགྱུར་མཚམས་ཞིག་རེད་ཅེས་བསྟན་འདུག

དབྱིན་ཇིས་སྤྱི་ཚེས་4ཉིན་སྤྱི་དམངས་ལ་ལྟ་སྐུལ་དོ་དམ་ཚན་པས་བེད་སྤྱོད་བྱ་རྒྱུར་ཆོག་མཆན་སྤྲད་ཟིན་པའི་ཏོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་ཁག་གཉིས་པ་རྒྱག་བཞིན་ཡོད། དབྱིན་ཇིའི་འཕྲོད་བསྟེན་བློན་ཆེན་མ་ཤིའུ་ཧན་ཁོའུ་ཁེ་ཡིས། སྤྱི་པའི་འཕྲོད་བསྟེན་ལས་ཁུངས་ཀྱིས་དུས་ཚོད་དམ་འཛིན་གྱིས་ནད་དུག་འགོས་ཉེན་ཆེ་ཤོས་ཀྱི་མི་ཚོགས་ལ་ཏོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་རྒྱག་བཞིན་ཡོད་པ་དང་། རིམས་འགོག་སྨན་ཁབ་རྒྱག་པའི་རྣམ་གྲངས་ལ་སྐུལ་འདེད་གང་མགྱོགས་གཏོང་རྒྱུ་ཡིན་ཞེས་བསྟན་འདུག དབྱིན་ཇིའི་འཕྲོད་བསྟེན་པུས་སྤྱི་ཚེས་4ཉིན་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་གསལ་བར། སྤྱི་ལོ་2020ལོའི་ཟླ་12པའི་ཚེས་8ཉིན་ནས་བཟུང་། དབྱིན་ཇིར་མི་ཁྲི་100ལས་བརྒལ་བར་རིམས་འགོག་སྨན་ཁབ་བརྒྱབ་ཡོད་པ་རེད།

ཨ་རིའི་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་དྲ་ཚིགས་ཀྱིས་མཁོ་འདོན་བྱས་པའི་རིམས་འགོག་སྨན་ཁབ་ཀྱི་གྲངས་གཞི་ལས་གསལ་བར། སྤྱི་ཚེས་4ཉིན་བར་སླེབས་དུས་ཨ་རི་ཡོངས་སུ་རིམས་འགོག་སྨན་ཁབ་ཁག་དང་པོ་རྒྱག་མཁན་མི་གྲངས་ཁྲི་456དང་3000ཙམ་ཟིན་ཡོད།

ཧྥེ་ཅི་ཡི་ཙུང་ལི་མུའུ་པའེ་ཉི་མ་ལ་མ་ཡིས་སྤྱི་ལོའི་ལོ་གསར་གྱི་ཤིས་ཚིག་གསུངས་སྐབས། ཏོག་གསར་གློ་ཚད་རིམས་ནད་ཉུང་མཐར་ཡང་ད་དུང་མུ་མཐུད་ཟླ་བ་ཁ་ཤས་འགོས་ཁྱབ་འགྲོ་བཟོ་ཡོད་ནའང་རེ་བས་ཕྱུག་པའི་ལོ་གསར་པས་ང་ཚོ་སྒུག་ནས་བསྡད་ཡོད། ཏོག་གསར་གློ་ཚད་རིམས་འགོག་སྨན་ཁབ་ཀྱིས་ཚང་མར་རེ་བ་སྦྱིན་རྒྱུ་དང་། མི་ཚང་མའི་འཚོ་བ་རྒྱུན་གཏན་ལྟར་སླར་གསོ་ཡོང་བ། དཔལ་འབྱོར་བསྐྱར་དར་ཡོང་བ། མི་དམངས་ཀྱི་འཚོ་བ་བདེ་ཞིང་སྐྱིད་པའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཞུ་དག སྐྱིད་པོ།
ཡིག་སྒྱུར། ཟླ་བ་གཡུ་སྒྲོན། མཚམས་གཅོད།

中央广播电视总台 央广网 版权所有

ལོ་གསར་པར་རིམས་ནད་སྔར་བཞིན་གོ་ལ་ཧྲིལ་པོར་འགོས་ཁྱབ་འགྲོ་ཉེན་ཡོད་པ་དང་། རིམས་འགོག་སྨན་རྒྱག་རྒྱུ་དེས་རེ་བ་གསར་པ་སྦྱིན་རྒྱུ་ཡིན་པ་རེད།

རྒྱལ་ཁབ་མང་པོས་བྱ་ཐབས་བཏོན་ནས་ལོ་གསར་གྱི་རྟེན་འབྲེལ་བྱེད་སྒོ་ཚོད་འཛིན་ནམ་བཀག་སྡོམ་བྱས་ཏེ་དུས་ཆེན་རིང་འདུ་འཛོམས་བྱས་པ་ལས་ཏོག་གསར་ནད་དུག་འགོས་ཁྱབ་མྱུར་པོ་འགྲོ་རྒྱུ་འགོག་སྲུང་ནན་པོ་བྱ་རྒྱུ་ཡིན་པ་རེད། ཏོག་གསར་ནད་དུག་གི་རིམས་འགོག་སྨན་ཁྲོམ་རར་ཐོན་པས་འཛམ་གླིང་ལ་རེ་བ་སྦྱིན་ཡོད།