ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཧྲེན་ཀྲེན་དཔལ་འབྱོར་དམིགས་བསལ་ཁུལ་བཙུགས་ནས་ལོ་ངོ་40འཁོར་བའི་རྟེན་འབྲེལ་ཚོགས་ཆེན་ཐོག་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་ལ་ཕྱི་རྒྱལ་གྱི་མི་སྣས་གྲོས་བསྡུར་ཚ་ཚ་འུར་འུར་བྱས་པ།

2020-10-15 16:13:00     责编:卓玛才让

སྤྱི་ཚེས་14ཉིན་གྱི་སྔ་དྲོ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲེན་ཀྲེན་དཔལ་འབྱོར་དམིགས་བསལ་ཁུལ་བཙུགས་ནས་ལོ་ངོ་40འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གསུང་བཤད་གལ་ཆེན་གནང་ཡོད། ཕྱི་རྒྱལ་གྱི་ལས་རིགས་ཁག་གི་མི་སྣས། དཔལ་འབྱོར་འཛམ་གླིང་ཧྲིལ་པོ་ཅན་དུ་འགྱུར་རྒྱུར་འགོག་རྐྱེན་འཕྲད་པ་དང་། ཉོ་ཚོང་སྲུང་སྐྱོང་རིང་ལུགས་དང་ཕྱོགས་རྐྱང་པའི་རིང་ལུགས་མང་དུ་སོང་བའི་མིག་སྔའི་གནས་ཚུལ་འོག གསུང་བཤད་ཀྱིས་འཛམ་གླིང་ལ་ཀྲུང་གོས་བློ་བརྟན་འགྱུར་མེད་ངང་སྒོ་མོ་འབྱེད་རྒྱ་ཁྱོན་ཡོངས་ནས་ཆེ་རུ་གཏོང་རྒྱུ་དང་སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུའི་ ཆོད་སེམས་མངོན་ཡོད་པས། འཛམ་གླིང་གིས་ཀྲུང་གོའི་དཔལ་འབྱོར་དམིགས་བསལ་ཁུལ་གྱི་སྒྱུར་བཅོས་སྒོ་དབྱེའི་འཕེལ་རྒྱས་ནང་དེ་བས་མང་བ་ཞུགས་ཏེ། ཀྲུང་གོ་དང་ལག་གདང་སྦྲེལ་ནས་མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་མཉམ་རྒྱལ་བཅས་ཀྱི་རྣམ་པ་གསར་པ་ཞིག་གཏོད་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་བསྟན་ཡོད་པ་རེད།

དབྱིན་ཇིའི་ཚོགས་པ་48ཀྱི་སྤྲོ་སྐྱིད་ཁང་གི་ཀྲུའུ་ཞི། ཀྲུང་གོའི་སྒྱུར་བཅོས་མཛའ་གྲོགས་གཟེངས་རྟགས་ཐོབ་མཁན་སི་ཏི་ཧྥན•ཕེ་ལིས། ལོ་ངོ་40ཡི་རིང་། ཧྲེན་ཀྲེན་འཕེལ་རྒྱས་མྱུར་པོ་བྱུང་ནས་དེང་རབས་ཀྱི་ཀྲུང་གོ་འགྲེམས་སྟོན་བྱེད་པའི་སྐར་ཁུང་ལྟ་བུ་ཞིག་ཏུ་གྱུར་ཡོད། ཧྲེན་ཀྲེན་ནི་ཨེ་ཤ་ཡ་ས་ཁུལ་གྱི་ཁབ་ལེན་ལྕགས་ལྟ་བུ་ཞིག་ཡིན་པའི་ཆ་ནས། འབྱུང་འགྱུར་མི་དེ་བས་མང་བས་དེ་གར་མ་འཇོག་ལས་དར་བྱ་རྒྱུའི་ཡིད་དབང་འགུག་རྒྱུ་ཡིན་ཞིང་། ཧྲེན་ཀྲེན་དང་དེ་བཞིན་ཀྲུང་གོའི་སྒོ་དབྱེ་དང་གསར་གཏོད་ཉམས་སུ་མྱོང་སྐབས། ཁོང་ཚོས་ཀྱང་འཕེལ་རྒྱས་གཏོང་སྟངས་གསར་པའི་ཡིད་དབང་འཕྲོག་ཤུགས་ཚོར་ཐུབ་པ་དང་འབྲེལ་དེའི་ཁྲོད་ནས་ཀྲུང་གོའི་འབྱུང་འགྱུར་མཐོང་ཐུབ་རྒྱུ་རེད་ཅེས་གསུངས་ཡོད།

ཨུ་རུ་སུའི་ཚན་རིག་ཁང་གི་འཛམ་གླིང་དཔལ་འབྱོར་དང་རྒྱལ་སྤྱིའི་འབྲེལ་བ་ཞིབ་འཇུག་སུའོ་ཡི་ཀྲུང་གོའི་ཆབ་སྲིད་དང་དཔལ་འབྱོར་སྡེ་ཚན་གྱི་ཀྲུའུ་རེན་ཤེར་ཀེ•ལུའུ་ཁོ་ཉིང་གིས། ཀྲུང་གོས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་ནས། རྒྱལ་སྤྱིའི་ཉོ་ཚོང་བྱེད་ཚད་མང་དུ་བཏང་བ་དེས་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ཤུགས་མཁོ་འདོན་བྱས་ཡོད། ད་ཆ། ཀྲུང་གོར་ཐུན་མོང་མ་ཡིན་པའི་ཐོན་སྐྱེད་ཀྱི་བཟང་ཆ་ལྡན་ཡོད་ཅིང་། ལག་རྩལ་ཞིབ་འཇུག་གསར་སྤེལ་ནས་ཐོན་རྫས་ཐོན་སྐྱེད་བྱེད་པའི་བར་གྱི་འབྲེལ་ཐག་ཆ་ཚང་ཞིག་ཆགས་ཡོད་པ་དེས་ཕྱི་རྒྱལ་གྱི་ཀུང་སིས་ཀྲུང་གོ་དང་མཉམ་ལས་བྱ་རྒྱུར་དགའ་པོ་བྱེད་ཀྱི་ཡོད་ཅེས་གསུངས་ཡོད།

ལོ་ངོ་40ཡི་གོང་ཧྲེན་ཀྲེན་དུ་འཚམས་འདྲིར་ཕེབས་མྱོང་བའི་ཧིན་རྡུ་ཉི་ཞི་ཡའི་རིག་མཛོད་ཀྱི་ཨེ་ཤ་ཡའི་གསར་གཏོད་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་ཞི་པན་པང•སུར་ཡུའེ་རྣོ་ལ་གསུང་བཤད་ནང་གླེང་བའི་དཔལ་འབྱོར་དམིགས་བསལ་ཁུལ་བསྐྲུན་ནས་ལོ་ངོ་40འཁོར་བའི་ལག་ལེན་གྱིས་རྒྱལ་ཁབ་ཁག་ལ་འཕེལ་རྒྱས་ཀྱི་བར་མཐོངས་ཆེན་པོ་བཏོད་པ་དང་འཕེལ་རྒྱས་ཀྱི་ཁེ་ཕན་མཉམ་སྤྱོད་བྱས་ཡོད་ཅེས་པར་མྱོང་ཚོར་དངོས་བྱུང་ཡོད།

འབར་མའི་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་མའོ་མའོ་ལའེ་ཡིས། མིག་སྔར་ཉོ་ཚོང་སྲུང་སྐྱོང་རིང་ལུགས་དང་ཕྱོགས་རྐྱང་པའི་རིང་ལུགས་མང་དུ་འགྲོ་བཞིན་ཡོད། གསུང་བཤད་ནང་བློ་རྩ་བརྟན་པོས་ཁྱོན་ཡོངས་ནས་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་རྒྱུའི་ནན་གསུངས་གནང་ཡོད། དེར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བསྔགས་བརྗོད་བྱེད་འོས་པ་ཞིག་རེད་ཅེས་གསུངས་ཡོད།

པ་ཀི་སི་ཐན་དང་ཀྲུང་གོའི་སྨྱན་སྦྱོར་གླེང་སྟེགས་ཀྱི་ཀྲུའུ་ཞི་སུའུ་ཏན་•མ་ཧ་མའོ་ཏེ་•ཧ་ལིས། ཡུའེ་ཀང་ཨའོ་ཁུག་པ་ཆེན་མོའི་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ་དེས་ཀྲུང་གོས་བསྒྱུར་བཅོས་སྒོ་འབྱེད་ལ་སྐུལ་འདེད་ཟམ་མི་ཆད་པར་གཏོང་བ་དང་། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པའི་ཐད་དོན་སྙིང་གལ་ཆེན་ལྡན་ཞིང་། དེས་ས་ཁོངས་ནང་ཁུལ་གྱི་གཏིང་ཟབ་པའི་ལེགས་སྒྲིག་ལ་སྐུལ་འདེད་གཏོང་རྒྱུར་ཕན་ཐོགས་ཡོད་ཅེས་གསུངས་ཡོད།

ལྷོ་ཁོ་རེ་ཡའི་ལྷོ་ཁོ་རེ་ཡ་དང་ཀྲུང་གོའི་གྲོང་ཁྱེར་མཛའ་གྲོགས་མཐུན་ཚོགས་ཀྱི་ཚོགས་གཙོ་ཆོན་ཆི་ཀྲིས། གསུང་བཤད་ལས་ཀྲུང་གོ་སྲིད་གཞུང་གིས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་སྔར་བས་ཆེ་རུ་གཏོང་རྒྱུ་དང་། རྒྱལ་སྤྱིའི་རང་མོས་ཉོ་ཚོང་སྒྲིག་ལམ་སྲུང་སྐྱོང་བྱ་རྒྱུ། འཛམ་གླིང་རྒྱལ་ཁབ་ཁག་བར་དཔལ་འབྱོར་གྱི་མཉམ་ལས་དང་འབྲེལ་གཏུག་བྱེད་ཤུགས་ཆེ་རུ་བཏང་ནས་རིམས་ནད་རྐྱེན་གྱིས་ཉམས་རྒུད་དུ་སོང་བའི་གོ་ལ་ཧྲིལ་པོའི་དཔལ་འབྱོར་ལ་འཕར་སྣོན་གྱི་སྒུལ་ཤུགས་གསར་པ་འདོན་སྤྲོད་བྱ་རྒྱུ་ཡིན་པ་བཅས་གང་ལེགས་མངོན་ཡོད་ཅེས་གསུངས་ཡོད།

ཅོར་ཏན་གྱི་ཀྲུང་གོའི་གནད་དོན་གྱི་རིགས་གཅིག་མཁས་ཅན་ས་སྨིའར•ཨའེ་ཧ་མའེ་ཏེས། གསུང་བཤད་ཀྱིས་འཛམ་གླིང་ལ་ཀྲུང་གོའི་དཔལ་འབྱོར་དམིགས་བསལ་ཁུལ་འཛུགས་སྐྲུན་བྱས་པའི་རྩ་ཆེའི་ཉམས་མྱོང་མཉམ་སྤྱོད་གནང་ཡོད་པས། ཀྲུང་གོས་རྒྱལ་སྤྱིའི་མཉམ་ལས་རྒྱུན་འཁྱོངས་དང་འཛམ་གླིང་ཧྲིལ་པོ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་ཆོད་སེམས་མཚོན་ཡོད་ཅིང་། འཛམ་གླིང་ལ་དགེ་མཚན་ལྡན་པའི་བརྡ་རྟགས་བཏང་ཡོད། ལྷག་པར་དུ་དེང་སྐབས་ཏོག་གསར་རིམས་ནད་ཀྱིས་འཛམ་གླིང་གི་དཔལ་འབྱོར་ལ་ཕོག་ཐུག་ཆེན་པོ་བཏང་བའི་གནས་བབ་འོག ཀྲུང་གོའི་དཔལ་འབྱོར་སླར་གསོ་བྱུང་བ་དེས་འཛམ་གླིང་གི་དཔལ་འབྱོར་སླར་གསོ་ཡོང་རྒྱུར་ཡིད་ཆེས་ཆེ་རུ་བཏང་ཡོད་པ་དང་། ཀྲུང་གོའི་འཕེལ་རྒྱས་ཀྱིས་ཀྲུང་གོའི་མི་དམངས་ལ་ཁེ་ཕན་ཐོབ་པ་མ་ཟད། འཛམ་གླིང་མི་དམངས་ལའང་ཕན་ཐོགས་ངེས་རེད་ཅེས་གསུངས་ཡོད།

ཨེ་ཅིབ་ཁེ་རོའི་ཨ་རིའི་སློབ་ཆེན་ཆབ་སྲིད་རིག་པའི་དགེ་རྒན་ཆེ་མོ་བ་ནུའུ་ཧ•པེ་ཅིའར་གྱིས། དཔལ་འབྱོར་དམིགས་བསལ་ཁུལ་འཛུགས་རྒྱུ་ནི་ཀྲུང་གོའི་གུང་ཁྲན་ཏང་གིས་ཀྲུང་གོའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་རིང་གསར་གཏོད་ཀྱི་སྙིང་སྟོབས་ལྡན་པའི་ལག་ལེན་གལ་ཆེན་ཞིག་ཡིན་ཞིང་། ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་བབ་ལ་འགྱུར་བ་གཏོང་རྒྱུར་ལེགས་སྐྱེས་ཕུལ་ཡོད་ཅེས་གསུངས་ཡོད།

སིང་ཀ་ཕོར་རྒྱལ་བཙུགས་སློབ་ཆེན་ཨེ་ཤ་ཡ་ཤར་མའི་ཞིབ་འཇུག་སུའོ་ཡི་མཐོ་རིམ་ཞིབ་འཇུག་པ་ཡུས་ཧུང་གིས་གསུང་བཤད་ནང་གི་སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུའི་ཐད་ཀྱི་རྣམ་བཤད་ལ་ཚད་མཐོའི་མོས་མཐུན་གནང་ཡོད་པ་དང་། ཡུས་ཧུང་གིས། དེའི་ཐོག་ནས་ཀྲུང་གོས་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་བའི་འདུན་པ་དང་ཆོད་སེམས་བརྟན་པོ་མཚོན་ཡོད། ཧྲེན་ཀྲེན་ནི་ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེ་འཕེལ་རྒྱས་ཀྱི་བསྡུས་རིས་ལྟ་བུ་ཤིག་ཡིན། ཀྲུང་གོས་སྒྱུར་བཅོས་སྒོ་དབྱེར་མུ་མཐུད་སྐུལ་འདེད་བཏང་ནས་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕེལ་རྒྱས་ལ་དྲང་ནུས་བསྣན་རྒྱུ་རེད་ཅེས་གསུངས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

中央广播电视总台 央广网 版权所有

ཧྲེན་ཀྲེན་དཔལ་འབྱོར་དམིགས་བསལ་ཁུལ་བཙུགས་ནས་ལོ་ངོ་40འཁོར་བའི་རྟེན་འབྲེལ་ཚོགས་ཆེན་ཐོག་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་ལ་ཕྱི་རྒྱལ་གྱི་མི་སྣས་གྲོས་བསྡུར་ཚ་ཚ་འུར་འུར་བྱས་པ།

སྤྱི་ཚེས་14ཉིན་གྱི་སྔ་དྲོ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲེན་ཀྲེན་དཔལ་འབྱོར་དམིགས་བསལ་ཁུལ་བཙུགས་ནས་ལོ་ངོ་40འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གསུང་བཤད་གལ་ཆེན་གནང་ཡོད།