ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཚན་རིག་མཁས་ཅན་གསུམ་ལ2019ལོའི་ནོ་པེར་སྐྱེ་ཁམས་རིག་པའམ་ཡང་ན་གསོ་རིག་བྱ་དགའ་ཐོབ་པ་བསྒྲགས།

2019-10-08 17:41:00     责编:卓玛才让

ཤིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ10པའི་ཚེས7ཉིན་སུའུ་ཏེན་གྱི་ཁ་ལུའོ་ལིན་གསོ་རིག་སློབ་གླིང་ནས་ཁྱབ་བསྒྲགས་བྱས་དོན། 2019ལོའི་ནོ་པེར་སྐྱེ་ཁམས་རིག་པའམ་ཡང་ན་གསོ་རིག་བྱ་དགའ་ཨ་རིའི་ཚན་རིག་མཁས་ཅན་ཝེ་ལིན་ཁའེ་ལིན་དང་། ཀེ་ལེ་ཀེ·སའེ་མོན་ཀྲ་དང་དེ་བཞིན་དབྱིན་ཇིའི་ཚན་རིག་མཁས་ཅན་པི་ཏེ·ལ་ཐེ་ཁེ་ལི་ཧྥུའུ་ལ་སྤྲོད་རྒྱུ་གཏན་འཁེལ་ཤིང་། ཁོང་ཚོས“ཕྲ་ཕུང་གིས་ཇི་ལྟར་དབང་ཤེས་ཐུབ་པ་དང་དབྱང་རླུང་མཁོ་འདོན་ལ་འཕྲོད་མཐུན་བྱེད་པའི”ཐད་ལེགས་སྐྱེས་ཕུལ་བར་གཟེངས་བསྟོད་གནང་བ་ཁྱབ་བསྒྲགས་བྱས་པ་རེད།

བྱ་དགའི་དཔྱད་བསྡུར་ཨུ་ལྷན་གྱིས་སྲོག་ཆགས་ལ་དབྱང་རླུང་མཁོ་བ་དང་། དབྱང་རླུང་ལྡན་ཚེ་ད་གཟོད་གཞི་ནས་བཟའ་བཅའ་སྤྱོད་གོ་ཆོད་པའི་ནུས་ཚད་ལ་འགྱུར་ལྡོག་གཏོང་ཐུབ། མི་རྣམས་ཀྱིས་དབྱང་རླུང་གི་རྨང་གཞིའི་རང་བཞིན་གྱི་ནུས་པ་གལ་ཆེན་ལ་ཤེས་རྟོགས་བྱུང་ནས་དུས་རབས་མང་པོ་འགོར་ཡོད་མོད། འོན་ཀྱང་ཕྲ་ཕུང་གིས་ཇི་ལྟར་དབྱང་རླུང་གི་ཆུ་ཚད་འགྱུར་ལྡོག་དང་བསྟུན་དགོས་པ་ཡུན་རིང་བོར་ཤེས་རྟོགས་བྱུང་མེད། ད་ལོའི་བྱ་དགའ་ཐོབ་པའི་ཚན་རིག་མཁས་ཅན་གསུམ་གྱིས“ཕྲ་ཕུང་གིས་ཇི་ལྟར་དབང་ཤེས་ཐུབ་པ་དང་དབྱང་རླུང་འདོན་སྤྲོད་འགྱུར་ལྡོག་ལ་འཕྲོད་མཐུན་བྱེད་ཐུབ་པ”ཤེས་རྟོགས་བྱུང་བ་མ་ཟད། “གཞི་རྒྱུའི་གྲུང་གཤིས་སྙོམས་སྒྲིག་བྱས་ཏེ་དབྱང་རླུང་ཆུ་ཚད་མི་འདྲ་བར་འཕྲོད་མཐུན་བྱེད་པའི་ཆ་རྡུལ་གྱི་བརྒྱུད་རིམ་”གཏན་འཁེལ་བྱས་པ་རེད། ཁོང་ཚོའི་ཞིབ་འཇུག་གྲུབ་འབྲས་ཀྱིས“ཚེ་སྲོག་ཁྲོད་ཀྱི་ཆེས་གཞི་རྩའི་འོས་འཚམ་རང་བཞིན་གྱི་བརྒྱུད་རིམ་གསལ་སྟོན་བྱས་”ཏེ། ང་ཚོར་དབྱང་རླུང་གི་ཆུ་ཚད་ཀྱིས་ཕྲ་ཕུང་གི་རྙིང་ཚབ་གསར་བརྗེ་དང་ལུས་ཁམས་བྱེད་ནུས་ལ་ཇི་ལྟར་ཤུགས་རྐྱེན་ཐེབས་པར་རྒྱུས་ལོན་བྱེད་པར་རྨང་གཞི་བརྟན་པོ་བཏིང་ཡོད།

བྱ་དགའི་དཔྱད་བསྡུར་ཨུ་ལྷན་གྱིས“ད་ལོའི་བྱ་དགའ་ཐོབ་པའི་གྲུབ་འབྲས་ཀྱིས་མིའི་རིགས་ལ“ཁྲག་ཤེད་དམའ་བ་དང་འབྲས་སྐྲན། དེ་བཞིན་ནད་གཞི་གཞན་དག་མང་པོར་སྨན་བཅོས་ཐབས་ཇུས་གསར་པ་བཏོན་ཡོད”ཅེས་ནན་གྱིས་བསྟན་པ་རེད།
ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཐུའོ་མཱ་སི·ཕེའར་མན་གྱིས་ཉིན་དེའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་བསྟན་དོན། ཁོང་གིས་བྱ་དགའ་ཐོབ་པའི་ཚན་རིག་མཁས་ཅན་གསུམ་པོར་འབྲེལ་གཏུག་བྱས་ཡོད་པ་དང་། མི་གསུམ་པོས་ད་ལོའི་ནོ་པེར་སྐྱེ་ཁམས་རིག་པའམ་ཡང་ན་གསོ་རིག་བྱ་དགའ་ལོངས་སུ་སྤྱོད་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་ཡོད་ཟེར།

ཁེ་ལིན་ནི1957ལོར་ཨ་རིར་སྐྱེས་པ་དང་། ད་ལྟ་ཨ་རིའི་ཧ་ཧྥོ་སློབ་ཆེན་གྱི་གསོ་རིག་སློབ་གླིང་དང་ཧོ་ཧྭ་ཏེ·ཤིའུ་སི་གསོ་རིག་ཞིབ་འཇུག་ཁང་དུ་ཕྱག་ལས་གནང་བཞིན་ཡོད་པ་དང་། ལ་ཐེ་ཁེ་ལི་ཧྥུའུ་ནི1954ལོར་དབྱིན་ཇིར་སྐྱེས་པ་དང་། ད་ལྟ་དབྱིན་ཇིའི་ཉིའུ་ཅིན་སློབ་ཆེན་དང་ཧྥེས་ལང་ཤིས་སི·ཁེ་ལི་ཁེ་ཞིབ་འཇུག་ཁང་དུ་ཕྱག་ལས་གནང་བཞིན་ཡོད། སའེ་མོན་ཀྲ་ནི་1956ལོར་ཨ་རིར་སྐྱེས་པ་དང་། ད་ལྟ་ཨ་རིའི་ཡོས་ཧན་སི·ཧོ་ཕུའུ་ཅིན་སི་སློབ་ཆེན་དུ་ཕྱག་ལས་གནང་བཞིན་ཡོད་པ་རེད། །

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

中央广播电视总台 央广网 版权所有