ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཡོ་རོབ་ཀྱིས་དབྱི་རན་ལ་སྐྱོན་བརྗོད་བྱས་རུང་གནས་བབ་ཞི་ལྷོད་དུ་འགྲོ་རྒྱུའི་རེ་བ་འཆང་བཞིན་ཡོད།

2019-09-26 15:00:00     来源:     责编:sangjzm

སྤྱི་ཚེས་ཉི་ཤུ་གསུམ་ཉིན། དབྱིན་ཇི་དང་ལྗར་མན། ཧྥ་རན་སི་བཅས་ཀྱི་འགོ་ཁྲིད་མི་སྣས་མཉམ་འབྲེལ་གསལ་བསྒྲགས་སྤེལ་ཏེ། དབྱི་རན་གྱིས་སོ་དེ་ཨ་རབ་ཀྱི་རྡོ་སྣུམ་སྒྲིག་ཆས་ལ་སྤྱི་ཚེས་བཅུ་བཞི་ཉིན་འཇབ་རྒོལ་ཕོག་པའི་དོན་རྐྱེན་ཐད་འགན་འཁྲི་འཁུར་དགོས་ཞེས་སྐྱོན་བརྗོད་བྱས་ཡོད། འོན་ཀྱང་དབྱི་རན་རྡུལ་ཉིང་གནད་དོན་ཐད་ཀྱི་ཁྱོན་ཡོངས་གྲོས་ཆོད་ལ་རྒྱབ་སྐྱོར་བྱ་རྒྱུའི་བསྐྱར་བཤད་བྱས་ཡོད། ཨ་རིས་གསལ་བསྒྲགས་དེར་མོས་པ་ཡོད་ཚུལ་བསྟན་པ་དང་། དབྱི་རན་གྱིས་འབྲེལ་ཡོད་སྐྱོན་བརྗོད་ལ་དགག་པ་བརྒྱབ་ཡོད།

དབྱེ་ཞིབ་པས། སྔོན་དཔག་བྱས་ན་དབྱི་རན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱིར་བཏང་བཤེར་རྩོད་རིང་སོ་དེ་ཨ་རབ་ཀྱི་རྡོ་སྣུམ་སྒྲིག་ཆས་ལ་འཇབ་རྒོལ་ཕོག་པའི་དོན་རྐྱེན་དང་དེ་བཞིན་དབྱི་རན་གྱི་རྡུལ་ཉིང་གནད་དོན་ཐད་ཨ་རི་དང་རྩོད་གླེང་བྱེད་བཟོ་ཡོད། ཡོ་རོབ་རྒྱལ་ཁབ་ཀྱིས་གཅིག་ནས་དབྱི་རན་གྱི་རྡུལ་ཉིང་གྲོས་ཆོད་ལ་སྲུང་སྐྱོབ་བྱེད་འདོད་ཡོད་ལ། གཉིས་ནས་མནའ་གྲོགས་ཨ་རིར་བསམ་བློ་གཏོང་དགོས་པས་ག་བྱེད་འདི་བྱེད་མི་ཤེས་པའི་གནས་སུ་གྱར་ཡོད།

སྤྱི་ཚེས་ཉི་ཤུ་གསུམ་ཉིན། དབྱིན་ཇིའི་དབུ་ཞུགས་བློན་ཆེན་གཡོས་ཧན་ཤུན་དང་ལྗར་མན་གྱི་ཙུང་ལི་མོ་ཁེར། ཧྥ་རན་སིའི་ཙུང་ཐུང་མ་ཁེ་ལུང་བཅས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་རིང་མཉམ་འབྲེལ་གསལ་བསྒྲགས་སྤེལ་ནས་སོ་དེ་ཨ་རབ་ཀྱི་ས་གནས་གཉིས་ཀྱི་རྡོ་སྣུམ་སྒྲིག་ཆས་ལ་འཇབ་རྒོལ་ཕོག་པ་དེ་དབྱི་རན་དང་འབྲེལ་བ་ཡོད། དབྱི་རན་གྱིས་ཐེངས་འདིའི་འཇབ་རྒོལ་ལ་འགན་འཁུར་དགོས་ཞེས་བསྟན་ཡོད། དེ་དང་ཆབས་ཅིག གསལ་བསྒྲགས་ནང་དབྱི་རན་རྡུལ་ཉིང་གྲོས་ཆོད་ལ་རྒྱབ་སྐྱོར་ཞུ་རྒྱུའི་བསྐྱར་བཤད་བྱས་པ་མ་ཟད་དབྱི་རན་ནས་རེ་འཁོར་གསར་པའི་དབྱི་རན་རྡུལ་ཉིང་གནད་དོན་གྱི་དབྱེ་འབྱེད་གྲོས་བསྡུར་ནང་ཞུགས་རྒྱུའི་སྐུལ་མ་བཏང་ཡོད། ཨ་རིའི་རྒྱལ་དོན་བློན་ཆེན་ཕོང་ཕེ་ཨའོ་ཡིས་གསལ་བསྒྲགས་དེར་མོས་པ་ཡོད་ཚུལ་བསྟན་ཡོད།

དབྱི་རན་གྱི་ཕྱི་འབྲེལ་དཔོན་ཀྲ་ལི་ཧྥུས་དེ་ཉིན་དགོང་མོ་དབྱིན་ཇི་དང་ལྗར་མན། ཧྥ་རན་སི་བཅས་ཀྱི་བྱེད་སྟངས་དེར་དགག་པ་བརྒྱབ་ཡོད། ཁོང་གིས་སྤྱི་འབྲེལ་སྨྱན་སྦྱོར་ཐུའེ་ཐེ་ཐོག གལ་ཏེ་དབྱི་རན་གྱིས་ཙུང་ཐུང་ལུའུ་ཧ་ཉི་ནེའུ་གཡོག་ཏུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ལ་ཞུགས་པར་ཕེབས་པའི་གོང་དུ་འཇབ་རྒོལ་བྱས་ན་དེ་ནི་ཀླེན་པའི་རྟགས་རང་རེད་ཅེས་དང་། ཁོང་གིས་གལ་ཏེ་དངོས་གནས་དབྱི་རན་གྱིས་བྱས་པའི་འཇབ་རྒོལ་ཡིན་ན་སྣུམ་བཟོ་དེ་གཉིས་རྩ་མེད་ཐེབས་སྲིད་ཅེས་བསྟན་ཡོད།

སྤྱི་ཚེས་ཉི་ཤུ་གཉིས་ཉིན། ལུའུ་ཧ་ཉིས་དབྱི་རན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ཐོག་ཧོར་མུ་ཅི་མཚོ་ཁུག་གི་ཞི་བདེའི་གྲོས་ཆོད་འདོན་རྒྱུ་ཡིན་ཞེས་བསྟན་གནང་བ་མ་ཟད་ས་ཁུལ་དུ་ཐོན་པའི་དོན་རྐྱེན་མཐའ་དག་དབྱི་རན་གྱིས་བཟོས་པར་བརྩི་བའི་བྱེད་སྟངས་དེར་འགག་པ་བརྒྱབ་ཡོད།

སྤྱི་ཚེས་ཉི་ཤུ་གསུམ་ཉིན། དབྱི་རན་སྲིད་གཞུང་གི་གསར་འགྱུར་མགྲིན་ཚབ་པ་ཨ་ལི་ཧྥ་པེས། དེའི་གོང་དུ་བཀག་ཉར་བྱས་པའི་དབྱིན་ཇིའི་སྣུམ་སྐྱེལ་གྲུ་གཟིངས་ཧྲེ་ཏན་ན་བཙན་རྒྱལ་ཞེས་པ་གློད་གྲོལ་གཏོང་བའི་འབྲེལ་ཡོད་ཁྲིམས་འཛིན་འགྲོ་ལུགས་དང་གྲ་སྒྲིག་ལས་དོན་བསྒྲུབས་ཚར་ཞེས་བསྟན་ཡོད། དབྱི་རན་སྨྱན་སྦྱོར་ལས་ཁུངས་ཀྱིས་ཧྲེ་ཏན་ན་བཙན་རྒྱལ་ཞེས་པ་མི་རིང་བར་དབྱི་རན་ནས་ཁ་གྱེས་ཏེ་རྒྱལ་སྤྱིའི་མཚོ་ཁོངས་སུ་སྐྱོད་རྒྱུ་ཡིན་པ་རེད།

ཧྲང་ཧའེ་ཕྱི་སྐད་སློབ་ཆེན་དབུས་ཤར་ཞིབ་འཇུག་སོའོ་ཡི་དགེ་རྒན་ཆེན་མོ་བ་ལེའུ་ཀྲུང་མིན་གྱིས། སོ་དེ་ཨ་རབ་ཀྱི་སྣུམ་ཞིང་ལ་འཇབ་རྒོལ་ཕོག་པ་དེ་ནི་ཁྲུན་ཐག་ཆོད་དཀའ་བའི་གྱོད་གཞི་ཞིག་རེད། ཨ་རིའི་ཕྱོགས་ཀྱིས་བརྟག་དཔྱད་མ་བྱས་པར་འཇབ་རྒོལ་དབྱི་རན་གྱིས་བཟོས་པའི་སྐྱོན་འཛུགས་བྱས་པ་དང་། ཡེ་མོན་ཧུའུ་སའེ་དྲག་ཆས་པས་འཇབ་རྒོལ་བྱས་པའི་ཁས་ལེན་བྱས་པ། སོ་དེ་ཨ་རབ་ཀྱི་རྣམ་འགྱུར་ཡང་ཚད་རན་པོ་ཡོད། དེ་བས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བརྟག་དཔྱད་བྱ་རྒྱུའི་རྣམ་འགྱུར་བསྟན་པས་དོན་རྐྱེན་དེའི་མ་འོངས་པའི་འཕེལ་ཕྱོགས་ལ་ཡོ་རོབ་རྒྱལ་ཁབ་ནས་ཀྱང་སྔོན་དཔག་ཡང་དག་པ་ཞིག་བྱེད་ཐབས་བྲལ་ཡོད་ཅེས་གསུངས་ཡོད།

ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་ཡོ་རོབ་ཞིབ་འཇུག་སོའོ་རྒྱལ་སྤྱིའི་འབྲེལ་བའི་ཞིབ་འཇུག་ཁང་གི་ཀྲུའུ་རིན་ཀྲའོ་ཁྲེན་གྱིས། དབྱི་ཇི་དང་ལྗར་མན། ཧྥ་རན་སི་བཅས་རྒྱལ་ཁབ་གསུམ་པོས་འཕྲལ་དུ་ཨ་རིའི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱས་མེད། ཐེངས་འདིའི་ཕྱོགས་གསུམ་མཉམ་འབྲེལ་གསལ་བསྒྲགས་ཀྱིས་ཀྱང་མུ་མཐུད་ཕྱི་འབྲེལ་གྱི་ཐབས་ལམ་སྤྱད་ནས་རྩོད་རྙོག་ཐག་གཅོད་བྱ་རྒྱུའི་ནན་བཤད་བྱས་ཡོད། འདི་ནི་ཡོ་རོབ་ཀྱིས་དབུ་མའི་རྣམ་འགྱུར་བཟུང་བའི་མངོན་ཚུལ་ཞིག་རེད། ཡོ་རོབ་ཀྱིས་དབྱི་རན་གནད་དོན་ཐད་རེ་བ་ཆེན་པོ་བྱེད་ཀྱི་ཡོད་རུང་ནུས་པར་ཚད་གཞི་ཡོད་པས་མུ་མཐུད་དེ་རྒྱལ་སྤྱིའི་བར་འདུམ་པ་ཞིག་བྱ་རྒྱུའི་རེ་བ་འཆང་གི་ཡོད། འོན་ཀྱང་མིག་སྔའི་རྣམ་པ་ཕྱིར་ཟློག་པའི་ནུས་པ་དང་བྲལ་བས་ག་བྱེད་འདི་བྱེད་མི་ཤེས་པའི་གནས་སུ་གྱར་བའི་ངོས་འཛིན་གནང་གི་ཡོད།

ཤ་མོན་སློབ་ཆེན་དབུས་ཤར་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རིན་ཧྥན་ཧུང་དཱ་ཡིས། དབྱིན་ཇི་དང་ལྗར་མན། ཧྥ་རན་སི་བཅས་རྒྱལ་ཁབ་གསུམ་པོའི་མཉམ་འབྲེལ་གསལ་བསྒྲགས་ཉིད་སྤྱིའི་ཆ་ནས་བརྗོད་ན་འཆར་ཅན་གྱི་རྣམ་འགྱུར་སྟོན་སྟངས་ཤིག་ཡིན་པས་མཚོ་ཁུག་གི་གནས་བབ་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཐབས་མེད། ཡོ་རོབ་ནས་སྔར་བཞིན་ཨ་རི་དང་དབྱི་རན་བར་གྱི་གདོང་གཏུག་ཉེན་ཁ་ཆུང་དུ་འགྲོ་རྒྱུའི་རེ་བ་བྱེད་ཀྱི་ཡོད། ང་ཚོས་མཐོང་ཐུབ་པར། ཉེ་དུས་དབྱི་རན་གྱིས་དྲག་པོའི་རྣམ་འགྱུར་བསྟན་ཞོར་དུ་འོས་འཚམས་ཀྱིས་འོས་མེད་འགྲིག་ཐབས་བྱེད་ཀྱི་ཡོད། གཞི་རྩ་ནས་བལྟས་ན། དབྱི་རན་གྱིས་གནས་ཚུལ་སྔར་བས་ཇེ་སྡུག་ཏུ་སོང་བ་མཐོང་འདོད་རྩ་བ་ཉིད་ནས་མེད། མིག་སྔའི་གནས་བབ་འོག་དབྱི་རན་གྱིས་རང་འགུལ་ངང་མཚོ་ཁུག་ས་ཁུལ་གྱི་རྫ་དྲག་གནས་བབ་ཇེ་སྡུག་ཏུ་གཏོང་བའི་རྒྱུ་མཚན་ཡང་མེད་ཅེས་གསུངས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བྱམས་པ་ཚེ་རིང་།

འཛམ་གླིང་སྐར་ཁུངས།

ཨ་རིས་བོད་འབྲེལ་གནད་དོན་སྤྱད་དེ་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱས།

ཕྱི་འབྲེལ་པུའི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། སྤྱི་ཟླ་9ཚེས་19ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀེང་ཧྲོང་གིས་གསར་འགོད་པའི་འཆར་ཅན་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས་

中央广播电视总台 版权所有