ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

མིག་སྔའི་དཔལ་འབྱོར་གྱི་གནས་བབ་དང་ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་སྐོར་ཀྲུང་གུང་ཀྲུང་དབྱང་གིས་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་སྐོང་འཚོགས་གནང་བ།

2020-07-31 16:09:00     责编:nake

འདི་གལ་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཟླ་7པའི་ཚེས་28ཉིན། ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་ནན་ཧའེ་རུ་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་སྐོང་འཚོགས་གནང་ནས། མིག་སྔའི་དཔལ་འབྱོར་དུས་བབ་དང་ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་ཐད་དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་བཅས་ཀྱི་བསམ་འཆར་དང་གྲོས་འགོ་གསན་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་མ་ཟད་གསུང་བཤད་གལ་ཆེན་ཡང་གནང་བ་རེད། ཁོང་གིས། མིག་སྔའི་དཔལ་འབྱོར་གནས་བབ་ལ་ངོས་འཛིན་ཡང་དག་བྱེད་པ་དང་། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པ། སྟོབས་ཤུགས་སྔར་ལས་ཆེ་བ་བཅས་ལ་བརྟེན་ནས་ཁྱོན་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱེད་པར་སྐུལ་འདེད་གཏོང་དགོས། གོང་འཕེལ་གྱི་མདུན་དུ་ལྷགས་པའི་དཀའ་གནད་སྣ་ཚོགས་ཧུར་ཐག་ངང་སེལ་བ་དང་ཕྱོགས་གང་ཅིའི་ཐད་ཀྱི་ཉེན་ཁ་དང་འགྲན་སློང་དང་གནོན་ཤུགས་ཆེན་པོ་སེལ་ཐོག བསྒྱུར་བཅོས་གོང་འཕེལ་ལ་སྐུལ་འདེད་གཏོང་བ་དང་། ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལས་རྣམ་པར་རྒྱལ་བར་རྒྱ་ཁྱབ་ཀྱི་ངོས་འཛིན་གཅིག་མཐུན་གོང་བུར་འགྲིལ་བ། སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་བ་བཅས་བྱ་དགོས། ང་ཚོར་འགྲན་སློང་ལ་ཁ་གཏད་གཅོག་པའི་ཆོད་སེམས་བརྟན་པོ་དང་། བློ་སྟོབས་བརྟན་པོ། རྒྱལ་སྟོབས་བརྟན་པོ་བཅས་ཡོད་ལ། གཏིང་ཤུགས་དང་། ནུས་པ། བློ་གྲོས་བཅས་ཀྱང་འདང་ངེས་ལྡན་གཤིས། ཉེན་ཁ་དང་ཚོད་བགམ་སྣ་ཚོགས་ལས་རྣམ་པར་རྒྱལ་ཏེ་རྒྱལ་ཁབ་གང་ཞིག་དང་མི་གང་ཞིག་ཡིན་རུང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་ལོ་རྒྱུས་ཀྱི་གོམ་སྟབས་འགོག་མི་ཐུབ་ཅེས་ནན་སྟོན་གནང་བ་རེད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན་ལི་ཁེ་ཆང་དང་། ཝང་དབྱང་། ཝང་ཧུའུ་ཉིང་། ཧན་ཀྲེང་བཅས་བཞུགས་མོལ་ཚོགས་འདུར་ཞུགས་ཡོད་པ་རེད། ལི་ཁེ་ཆང་གིས་ལོ་སྟོད་ཀྱི་དཔལ་འབྱོར་ལས་དོན་གྱི་འབྲེལ་ཡོད་གནས་ཚུལ་བརྡ་ཁྱབ་གནང་བ་དང་། ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་བསམ་གཞིགས་ངོ་སྤྲོད་གནང་བ་རེད།
བཞུགས་མོལ་ཚོགས་འདུའི་ཐོག ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་གི་ཀྲུའུ་ཞི་ཝན་ཨེ་ཤང་དང་། ཀྲུང་གོ་དམངས་གཙོ་མནའ་མཐུན་ཚོགས་པའི་ཀྲུང་དབྱང་གི་ཀྲུའུ་ཞི་ཏིང་ཀྲུང་ལི། ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཧའོ་མིང་ཅིན། ཀྲུང་གོ་དམངས་གཙོ་ཡར་སྐུལ་ལྷན་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཚའེ་ཏ་ཧྥེང་། ཞིང་བཟོ་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཁྲེན་ཀྲུའུ། ཀྲི་ཀུང་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཝན་ཀང་། དགུ་གསུམ་སློབ་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཝུའུ་ཝེ་ཧྭ། ཐའེ་ཝན་དམངས་གཙོ་རང་སྐྱོང་མནའ་མཐུན་ཀྲུང་དབྱང་གི་ཀྲུའུ་ཞི་སུའུ་ཧུའེ། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀའོ་ཡུན་ལུང་། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་ལི་ཝེ་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད་སྤེལ་བ་རེད།

ཁོང་ཚོས་ཀྲུང་གུང་ཀྲུང་དབྱང་གིས་དེང་སྐབས་རང་རྒྱལ་གྱི་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་གནང་བ་དང་ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་ལ་བསམ་གཞིགས་གནང་བར་མོས་མཐུན་གནང་བ་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ཆེའི་འགོ་ཁྲིད་འོག རང་རྒྱལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སླར་གསོའི་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པར་ཚད་མཐོའི་གདེང་འཇོག་གནང་བ་མ་ཟད། རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་སྐྱོད་གཉིས་ཕན་ཚུན་སྐུལ་འདེད་གཏོང་རེས་བྱེད་པའི་གོང་འཕལ་གྱི་རྣམ་པ་གསར་པ་འཛུགས་རྒྱུའི་ཐད། སྤྱི་ཁོག་སྙོམ་སྒྲིག་འཐབ་ཇུས་ཀྱི་བརྟན་ཤུགས་རྒྱུན་འཁྱོངས་དང་། སྔོན་མཐོང་རང་བཞིན་གྱི་སྲིད་ཇུས་གྲ་སྒྲིག་གང་ལེགས། བརྟན་པོ་དྲུག་གི་ལས་དོན་ལེགས་པོ་སྒྲུབ་པ། འགན་སྲུང་དྲུག་གི་ལས་འགན་དོན་འཁྱོལ་བཅས་བྱས་ཏེ། ཐབས་མང་མཉམ་སྤྱོད་ཀྱིས་རང་རྒྱལ་གྱི་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་གི་བདེ་འཇགས་ལ་འགན་ལེན་བྱེད་དགོས་པ་དང་། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། འཕྲོད་བསྟེན་བདེ་ཐང་བྱ་གཞག་འཕེལ་རྒྱས་ཀྱི་ཚན་རྩལ་འདེགས་སྐྱོར་ལ་ཤུགས་སྣོན་རྒྱག་དགོས། ལས་ཞུགས་ལས་གནས་གསར་སྤེལ་བྱས་ནས་འབྲུ་རིགས་བདེ་འཇགས་ཀྱི་རང་འགུལ་དབང་ཆ་སྟངས་འཛིན་ནན་པོ་བྱེད་པ། ཁེ་ལས་ཀྱི་སྐྱེ་ཁམས་གསར་པ་སྐྲུན་པ་དང་། ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ། མ་འཇོག་བྱེད་པར་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་མ་དངུལ་འཇོག་པའི་ཕན་འབྲས་ཆེ་རུ་གཏོང་བ། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་དང་རྒྱལ་སྤྱིའི་ཁོར་ཡུག་བཟང་པོ་སྐྲུན་པ་སོགས་ཀྱི་ཐད་ལ་བསམ་འཆར་དང་གྲོས་འགོ་བཏོན་ཡོད་པ་རེད།

ཚང་མའི་གཏམ་བཤད་ནན་ཏན་ངང་གསན་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ་རེད། ཁོང་གིས། ད་ལྟ། ཚང་མས་གཏམ་བཤད་སྤེལ་བའི་ནང་ལོ་སྟོད་ཀྱི་དཔལ་འབྱོར་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ལ་གདེངས་འཇོག་བྱས་པ་མ་ཟད། མིག་སྔའི་དཔལ་འབྱོར་དུས་བབ་ལ་ངོས་འཛིན་ཡང་དག་དང་ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་ཐད་དམིགས་སའི་རང་བཞིན་ཧ་ཅང་ཆེན་པོ་ལྡན་པའི་བསམ་འཆར་བཏོན་ཡོད། ང་ཚོས་ཞིབ་འཇུག་ནན་ཏན་དང་བསྡུ་ལེན་ཧུར་ཐག་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

ཞི་ཅིན་ཕིང་གིས། ད་ལོའི་ཚུན་དུ། ང་ཚོར་གློ་བུར་དུ་ཐོན་པའི་ཚོད་བགམ་ཛ་དྲག་པོ་ཞིག་འཕྲད་ཡོད། ད་ཐེངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་ནི། ཀྲུང་གོ་གསར་པ་དབུ་བརྙེས་ཚུན་རང་རྒྱལ་དུ་འཕྲད་པའི་འགོས་ཁྱབ་འགྲོ་མགྱོགས་ཤོས་དང་། ཁྱབ་རྒྱ་ཆེ་ཤོས། འགོག་སྲུང་གི་དཀའ་ཚེགས་ཆེ་ཤོས་བཅས་ཀྱི་གལ་ཆེའི་འཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ཞིག་ཡིན་པས། རང་རྒྱལ་གྱི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལ་སྔར་ན་མེད་པའི་བརྡབ་གསིག་ཕོག་ཡོད། ད་ཐེངས་ཀྱི་འཐབ་འཛིང་དྲག་པོའི་ཁྲོད། དམངས་གཙོ་ཏང་ཤོག་ཁག་དང་། བཟོ་ཚོང་མཉམ་འབྲེལ། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱིས་ཀྲུང་གུང་ཀྲུང་དབྱང་གི་བཀོད་ཇུས་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། རྒྱ་ཆེའི་ཁོངས་མི་ཚོས་སྨན་བཅོས་རོགས་སྐྱོབ་དང་། ཚན་ཞིབ་འགག་གཏོར། དངོས་ཟོག་ཞལ་འདེབས། ལས་སྒོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ། ཐབས་འདོན་ཇུས་འབུལ་སོགས་ཀྱི་ཁྲོད་ཧུར་ཐག་ངང་ཞུགས་རྒྱུར་སྣེ་ཁྲིད་གནང་སྟེ། རིམས་ནད་འགོག་སྲུང་གི་མི་དམངས་དམག་འཐབ་དང་། སྤྱི་ཡོངས་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་ལ་རྒྱལ་ཁ་ལེན་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཚང་མས་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལ་དོ་ཁུར་བྱེད་པ་དང་། སྒྱུར་བཅོས་གསར་གཏོད་ལ་སྐུལ་འདེད་ཧུར་ཐག་གཏོང་རྒྱུ། དཔལ་འབྱོར་གོང་འཕེལ་གྱི་སྒུལ་ནུས་གསར་པ་སྐུལ་སྤེལ་བྱ་རྒྱུ། སྒྱུར་བཅོས་ནུས་འབྲས་གོང་མཐོར་གཏོང་རྒྱུ་དང་། དམངས་འཚོ་ལེགས་བཅོས་ལ་འགན་སྲུང་བྱ་རྒྱུ་སོགས་ལ་གཞིགས་པ། ས་གནས་ལ་མངགས་བཅོལ་གནང་བ་དང་། ཆ་འཕྲིན་ཅན་གྱི་བྱ་ཐབས་སོགས་བརྒྱུད་ནས་བརྟག་ཞིབ་ལས་དོན་བབ་བསྟུན་སྒོ་ནས་སྤེལ་བ་བརྒྱུད། གནས་ཚུལ་ལ་མཐིལ་རྟོགས་གསལ་པོ་བྱེད་པ་དང་། གནད་དོན་གནད་ལ་འཕིགས་པ་འཚོལ་བ། ཁ་གཏད་སྲིད་ཇུས་དངོས་འདོན་པ་བཅས་བྱས་ཡོད། ལྷག་པར་དུ། རིམས་ནད་ཀྱིས་དབུལ་སྒྲོལ་འགག་གཏོར་ཐད་བཟོས་པའི་ཚོད་བགམ་གསར་པའི་མདུན་དུ། དམངས་གཙོ་ཏང་ཤོག་ཁག་གི་འགན་ཁུར་བློ་མཐུན་གཙོ་བོས་ཐབས་ལམ་སྣ་ཚོགས་བརྒྱུད། དཔྱད་གཞི་དང་པོ་དེ་ཁོང་དུ་ཆུད་པ་བྱས་པ་དང་། འཐབ་ས་དང་པོའི་སྐད་སྒྲར་ཉན་པ། དབུལ་སྒྲོལ་འགག་གཏོར་གྱི་དམངས་གཙོའི་ལྟ་སྐུལ་ནན་ཏན་ངང་སྤེལ་བ་བཅས་ཀྱིས། དབུལ་སྒྲོལ་འགག་གཏོར་དམག་འཐབ་ལ་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་ཅེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གིས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་བརྟན་པོ་ཡོད་པ་དང་། དཔལ་འབྱོར་འཁོར་སྐྱོད་གཞི་རྩའི་ཆ་ནས་སླར་གསོ་ཐུབ་ཡོད། དུས་ཚིགས་གསུམ་པ་དང་བཞི་པར་ང་ཚོས་འཕེལ་ཕྱོགས་དེ་དང་བསྟུན་ནས་མདུན་སྐྱོད་བྱེད་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སླར་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། ལོ་སྟོད་ཀྱི་གྱོང་གུན་ཁ་གསབ་ཧུར་ཐག་བྱེད་དགོས། བརྟན་པོའི་ཁྲོད་མདུན་སྐྱོད་བྱེད་པའི་ལས་ཀའི་སྤྱིའི་འཕེལ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། གོང་འཕེལ་གྱི་འདུ་ཤེས་གསར་པ་རྒྱུན་འཁྱོངས་བྱེད་པ། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལས་དོན་ལ་གཅིག་འགྱུར་འཆར་འགོད་སྔར་བས་ལེགས་པ་བྱེད་པ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་གཞིའི་རང་བཞིན་གྱི་སྒྱུར་བཅོས་གཙོ་རྐང་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། ནང་མཁོ་རྒྱ་སྐྱེད་གཏོང་རྒྱུའི་འཐབ་ཇུས་ཀྱི་གཞི་གནས་འདི་དམ་པོར་བཟུང་བ། ཚོང་རའི་བྱེད་པོའི་གསོན་ཤུགས་སྲུང་སྐྱོང་དང་སྐུལ་སྤེལ་ཤུགས་ཆེན་བྱེད་པ། བརྟན་པོ་དྲུག་གི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ་དང་། འགན་ལེན་དྲུག་གི་ལས་འགན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། སྤྱི་ཁོག་དཔལ་འབྱོར་སྲིད་ཇུས་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་འགན་ལེན་བྱེད་པ། ཐོན་ལས་འབྲེལ་ཐག་དང་མཁོ་སྤྲོད་འབྲེལ་ཐག་གི་བརྟན་པོའི་རང་བཞིན་དང་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ། ནུས་ཤུགས་སྔར་ལས་ཆེ་བའི་སྒོ་ནས་སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་གཏོང་བ། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དམངས་འཚོ་འགན་ལེན་དང་འབྲུབ་འགོག་རོགས་སྐྱོབ་ལས་དོན་ཡག་པོ་སྒྲུབ་པ། སྤྱི་ཚོགས་བརྟན་ལྷིང་གི་གནས་བབ་ཆེན་པོར་སྲུང་སྐྱོང་བཅས་ཀྱིས། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་ཁག་ལེགས་སྒྲུབ་ཧུར་ཐག་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།

ཞི་ཅིན་ཕིང་གིས་དམངས་གཙོ་ཏང་ཤོག་ཁག་དང་། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ལ་ཐུགས་རེ་གསུམ་བཏོན་གནང་བ་སྟེ། གཅིག་ནས། ཕྱོགས་ཡོངས་དང་། རྩོད་སྒྲུབ། འཕེལ་རྒྱས་བཅས་ཀྱི་སྒོ་ནས་དཔལ་འབྱོར་འཕེལ་རྒྱས་ཁྲོད་འཕྲད་པའི་དཀའ་ངལ་དང་འགྲན་སློང་ལ་ལྟ་སྟངས་འཛིན་དགོས་པ་དང་། རྒྱ་ཆེའི་ཁོངས་མིའི་སྣེ་ཁྲིད་དེ་ཡིད་ཆེས་དང་ཆོད་སེམས་བརྟན་པོ་བཅངས་ནས་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས། གཉིས་ནས། དམིགས་འབེན་དང་ལས་འགན་ཁག་ལ་དམིགས་ནས།

ཀྲུང་གུང་ཀྲུང་དབྱང་གིས་དོ་ཁུར་གནང་ཡུལ་གཙོ་བོ་དང་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི་འགག་རྩའི་གནད་དོན་ལ་དམིགས་ཏེ་སོ་སོའི་ཁྱད་ཆོས་དང་བཟང་ཆ་འདོན་སྤེལ་བྱེད་པ་དང་། རྩ་འཛུགས་རིམ་པ་ཁག་དང་ཕྱོགས་གང་ཅིའི་ཐད་ཀྱི་ཤེས་ལྡན་མི་སྣའི་ཧུར་སེམས་དང་གསར་སྐྲུན་བྱེད་སེམས་འདོན་སྤེལ་བྱ་དགོས། ཤེས་ལྡན་མི་སྣའི་ཐོན་ཁུངས་དང་ཆེད་ལས་རིག་མཛོད་སྣ་ཚོགས་གཅིག་གྱུར་འཆར་འགོད་ཀྱིས་བེད་སྤྱོད་ཡག་པོ་བྱེད་པ་དང་། དམིགས་ས་དང་རིན་ཐང་ལྡན་པའི་བསམ་འཆར་དང་གྲོས་འགོ་འདོན་པ་བརྒྱུད། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཐབས་འདོན་ཇུས་འབུལ་བྱེད་དགོས། གསུམ་ནས། བསམ་བློའི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་དགོས། རྒྱ་ཆེའི་ཁོངས་མིས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་འཕེལ་རིམ་ཁྲོད་བྱུང་བའི་འགལ་ཟླ་དང་གནད་དོན་ལ་ངོས་འཛིན་ཡང་དག་དང་། རྒྱལ་ཁབ་ཕྱི་ནང་གི་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ལྟ་སྟངས་ཡང་དག་འཛིན་རྒྱུར་ཁྲིད་སྟོན་བྱ་དགོས། དོགས་གནད་དག་སེལ་དང་། བློ་ཁ་མཐུན་སྦྱོར། འགལ་ཟླ་སེལ་རྒྱུ་བཅས་ཀྱི་ལས་དོན་ལེགས་པར་བསྒྲུབ་དགོས་པ་བཅས་ཡིན་པ་རེད།
ཏིང་ཞུའེ་ཞང་དང་། ཧུའུ་ཁྲུན་ཧྭ། ཡིའུ་ཆོན། ཝང་ཡུང་། ཞའོ་ཅེ། ཧོ་ལི་ཧྥེང་བཅས་དང་། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་བཞུགས་མོལ་ཚོགས་འདུར་བཞུགས་ཡོད་པ་རེད།

འཛམ་གླིང་སྐར་ཁུངས།

▶ཨ་རིས་ཀྲུང་གོའི་ཧྭ་ཝེ་འགོག་གནོན་གང་ཐུབ་བྱེད་དོན་ཅི་ཡིན་ནམ།

ཕྱི་འབྲེལ་པུའུ་ཡིས་ཟླ་7ཚེས་30ཉིན་འཚོགས་པའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག ཧྥ་རན་སིའི་གསར་འགྱུར་ལས་ཁུངས་ཀྱི་གསར་འགོད་པ་ཞིག་གིས་པར་ཙིར་དུ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེན་

中央广播电视总台 央广网 版权所有

མིག་སྔའི་དཔལ་འབྱོར་གྱི་གནས་བབ་དང་ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་སྐོར་ཀྲུང་གུང་ཀྲུང་དབྱང་གིས་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་སྐོང་འཚོགས་གནང་བ།