ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ལི་ཁེ་ཆང་གིས་སོ་ལོ་མོན་གླིང་ཚོམ་གྱི་ཙུང་ལི་དང་གྲོས་མོལ་གནང་བ།

2019-10-10 09:41:00     责编:卓玛才让

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་སྤྱི་ཚེས་༩ཉིན་གྱི་སྔ་དྲོ་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་བར་ཕེབས་པ་མ་ཟད་༢༠༡༩ལོའི་ཀྲུང་གོ་པེ་ཅིང་འཛམ་གླིང་སྐྱེད་ཚལ་སྒྱུ་རྩལ་འགྲེམས་ཚོགས་ཀྱི་མཇུག་སྒྲིལ་མཛད་སྒོར་ཞུགས་པར་ཕེབས་པའི་སོ་ལོ་མོན་གླིང་ཚོམ་གྱི་ཙུང་ལི་སོ་ཅ་ཝ་ལེ་དང་གྲོས་མོལ་གནང་ཡོད།

ལི་ཁེ་ཆང་གིས། ཀྲུང་གོས་སོ་ལོ་མོན་གླིང་ཚོམ་དང་དངོས་སུ་ཕྱི་འབྲེལ་འབྲེལ་བ་བཙུགས་པ་དང་། རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ལེའུ་གསར་པ་ཕྱེ་ཡོད། དེ་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་པ་དང་། ཕྱོགས་གཉིས་ཐུན་མོང་གོང་འཕེལ་ལ་སྐུལ་འདེད་ནུས་ལྡན་གཏོང་རྒྱུ་དང་། ས་ཁུལ་དང་རྒྱལ་ཁབ་ཀྱིས་མཉམ་དུ་བརྟན་ལྷིང་སྲུང་སྐྱོང་དང་། གོང་འཕེལ་མངོན་འགྱུར་ཡོང་རྒྱུར་ཕན་ཐོགས་ཡོད། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཆེ་ཆུང་ཚང་མ་འདྲ་མཉམ་ཡིན་པའི་འདོད་ཚུལ་འཛིན་པ་དང་། སོ་ལོ་མོན་གླིང་ཚོམ་གྱི་སྲིད་གཞུང་ནས་དཔལ་འབྱོར་གོང་འཕེལ་དང་། དམངས་འཚོ་ལེགས་བཅོས་གཏོང་ཆེད་བྱས་པའི་འབད་བརྩོན་ལ་རྒྱབ་སྐྱོར་ཞུ་རྒྱུ་ཡིན། ཀྲུང་གོས་སོ་ལོ་མོན་གླིང་ཚོམ་སྲིད་གཞུང་གིས་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱ་རྒྱུའི་ཁས་ལེན་གནང་བར་བསྔགས་བརྗོད་ཞུ་རྒྱུ་དང་། སོ་ལོ་མོན་གླིང་ཚོམ་ཕྱོགས་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འགོ་ཡག་པོ་འཛུགས་རྒྱུ་དང་གོང་འཕེལ་ཡག་པོ་གཏོང་རྒྱུ་ཡིན་པ། རྒྱལ་ཁབ་གཉིས་པོའི་ལས་རིགས་ཁག་གི་ སྤེལ་རེས་ལ་ཤུགས་སྣོན་རྒྱག་རྒྱུར་ཁྲིད་སྟོན་བྱ་རྒྱུ་དང་། གཉིས་ཕན་མཉམ་རྒྱལ་གྱི་དམངས་འདོད་རྨང་གཞི་བརྟན་དུ་བཏང་ནས། རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་དེ་བས་ཆེ་བ་བསྐྲུན་རྒྱུ་ཡིན་ཞེས་བསྟན་གནང་ཡོད་པ་རེད།

ལི་ཁེ་ཆང་གིས། ཀྲུང་གོ་ནི་སོ་ལོ་མོན་གླིང་ཚོམ་གྱི་ཉོ་ཚོང་རོགས་པ་ དང་ཕྱིར་གཏོང་ཁྲོམ་ར་ཆེ་ཤོས་ཨང་དང་པོ་དེ་ཡིན། རྒྱལ་ཁབ་གཉིས་པོར་ཉ་ལས་དང་། ནགས་ལས། གཏེར་ལས་སོགས་ཁྱབ་ཁོངས་ནང་མཉམ་ལས་ཀྱི་མདུན་ལྗོངས་རྒྱ་ཆེན་པོ་ལྡན་ཡོད། ཀྲུང་གོས་རྒྱུད་གཅིག་ལམ་གཅིག་གི་འབོད་སྐུལ་དེ་དང་སོ་ལོ་མོན་གླིང་ཚོམ་གྱི་གོང་འཕེལ་འཐབ་ཇུས་སྦྲེལ་མཐུད་བྱས་ཏེ། མཉམ་གྲོས་མཉམ་བསྐྲུན་མཉམ་སྤྱོད་དང་། གྲོས་མོལ་ཧུར་ཐག་བྱས་ཏེ་ཉོ་ཚོང་སྟབས་བདེ་ཅན་ལ་སྐུལ་འདེད་གཏོང་བ་དང་། ཁྱབ་ཁོངས་ཁག་གི་གཉིས་ཕན་མཉམ་ལས་རྒྱ་སྐྱེད་གཏོང་བ་བཅས་བྱེད་འདོད་ཡོད། སོ་ལོ་མོན་གླིང་ཚོམ་གྱི་སྤུས་ལེགས་ཐོན་རྫས་ཀྲུང་གོར་ཕྱིར་གཏོང་དེ་བས་མང་བ་བྱེད་རྒྱུར་དགའ་བསུ་ཞུ་རྒྱུ་དང་། ཀྲུང་གོའི་མ་འཇོག་ཁེ་ལས་ཀྱིས་ཁྲོམ་ར་ཅན་གྱི་རྩ་དོན་ལ་གཞིགས་ཏེ་སོ་ལོ་མོན་གླིང་ཚོམ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ནང་ཞུགས་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ་ཡིན། ཀྲུང་གོས་སོ་ལོ་མོན་གླིང་ཚོམ་དང་དམངས་ཁྲོད་དང་། ས་གནས་བར་གྱི་འགྲོ་འོང་མང་དུ་གཏོང་འདོད་ཡོད་པ་དང་། སོ་ལོ་མོན་གླིང་ཚོམ་དེ་ཀྲུང་གོའི་སྤྱི་དམངས་ནས་ཚོགས་པ་སྒྲིག་ཏེ་ཕྱིར་ཡུལ་སྐོར་དུ་སྐྱོད་སའི་ས་ཆར་གཏན་འཁེལ་བྱེད་རྒྱུར་མོས་མཐུན་ཡོད། སོ་ལོ་མོན་གླིང་ཚོམ་གྱིས་༢༠༢༣ལོའི་ཞི་བདེ་རྒྱ་མཚོ་ཆེན་མོའི་ལུས་རྩལ་འགྲན་ཚོགས་གཙོ་གཉེར་བྱེད་རྒྱུར་རྒྱབ་སྐྱོར་ཞུ་རྒྱུ་དང་། སོ་ལོ་མོན་གླིང་ཚོམ་ནས་སྐབས་གསུམ་པའི་ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་གྱི་དཔལ་འབྱོར་གོང་འཕེལ་མཉམ་ལས་གླེང་སྟེགས་ལ་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ཀྲུང་གོས་སོ་ལོ་མོན་གླིང་ཚོམ་ དང་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད་པ་དང་ཉམས་མྱོང་སྤེལ་རེས་མང་ཙམ་བྱེད་འདོད་ཡོད། ཕྱོགས་གཉིས་པོས་མཉམ་དུ་མ་འོངས་མཉམ་ལས་ཀྱི་མདུན་ལྗོངས་གསར་པ་གཏོད་རྒྱུའི་རེ་བ་ཡོད་ཅེས་བསྟན་གནང་ཡོད་པ་རེད།

སོ་ཅ་ཝ་ལེས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་༧༠འཁོར་བར་རྟེན་འབྲེལ་ཞུས་པ་དང་། ཁོང་གིས། ཀྲུང་གོར་འཛམ་གླིང་ཀུན་ནས་མཐོང་ཐུབ་པའི་གྲུབ་འབྲས་ཆེན་པོ་ཐོབ་ཡོད། སོ་ལོ་མོན་གླིང་ཚོམ་ནས་ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་སུ་ལངས་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱ་རྒྱུ་ཁས་ལེན་བྱེད་པ་དང་། ཀྲུང་གོ་དང་ཕྱི་འབྲེལ་འབྲེལ་བ་བཙུགས་པ་བཅས་ནི་རྒྱལ་སྤྱིའི་བཅའ་ཁྲིམས་དང་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་གྲོས་ཆོད་དང་གཅིག་མཐུན་བྱུང་ཡོད། སོ་ཀྲུང་གཉིས་ཀ་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་དུ་གནས་པ་དང་། གཉིས་ཀ་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཡིན་པས། སོ་ལོ་མོན་གླིང་ཚོམ་གྱིས་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་དང་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་ལས་ལ་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན་གནང་ཡོད།

གྲོས་མོལ་མཇུག་སྒྲིལ་རྗེས། རྒྱལ་ཁབ་གཉིས་པོའི་ཙུང་ལིས་མཉམ་དུ་ཕྱོགས་གཉིས་མཉམ་ལས་གྲོས་ཆོད་མང་པོར་མིང་རྟགས་བཀོད་པ་བདེན་དཔང་གནང་ཡོད།

གྲོས་མོལ་མ་གནང་གོང་། ལི་ཁེ་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱིའི་ཐང་ཆེན་དུ་སོ་ཅ་ཝ་ལིར་དགའ་བསུ་ཞུ་བའི་མཛད་སྒོ་གཉེར་ཡོད།

སྤྱི་ཚེས་༨ཉིན་གྱི་ཕྱི་དྲོ། སོ་ལོ་མོན་གླིང་ཚོམ་གྱི་ཙུང་ལི་སོ་ཅ་ཝ་ལི་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་ཕེབས་ཏེ། མི་དམངས་དཔའ་བོའི་དྲན་གསོའི་རྡོ་རིང་ལ་མེ་ཏོག་ཕུལ་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

中央广播电视总台 央广网 版权所有