ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

2019ལོའི་ཀྲུང་གོའི་པེ་ཅིང་འཛམ་གླིང་སྐྱེས་ཚལ་སྒྱུ་རྩལ་འགྲེམ་ཚོགས་རྒྱལ་ཁའི་ངང་མཇུག་འགྲིལ་བ་དང་། ལི་ཁེ་ཆང་མཇུག་འགྲིལ་མཛད་སྒོར་ཞུགས་པ།

2019-10-10 09:30:00     责编:卓玛才让

སྤྱི་ཚེས་དགུ་ཉིན་གྱི་དགོང་མོ་པེ་ཅིང་ཡན་ཆིང་དུ། སྤྱི་ལོ་2019ལོའི་ཀྲུང་གོའི་པེ་ཅིང་འཛམ་གླིང་སྐྱེས་ཚལ་སྒྱུ་རྩལ་འགྲེམ་ཚོགས་ཀྱི་མཇུག་འགྲིལ་གཟབ་རྒྱས་ངང་མཛད་སྒོ་གཉེར་བ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་མཇུག་འགྲིལ་མཛད་སྒོར་ཞུགས་པ་མ་ཟད་ཤིས་ཚིག་བསྒྲོན་ཡོད།

དེ་ཉིན་དགོང་མོའི་མཇུག་འགྲིལ་མཛད་སྒོའི་ཚོགས་ར་དངོས་ཀུའེ་རུའེ་ཟློས་གར་ཁང་དུ་གླུ་ལེན་གར་འཁྲབ་ཀྱི་རྣམ་པས་ཕྱུག་ཡོད། ལི་ཁེ་ཆང་དང་པ་ཀི་སི་ཏན་གྱི་ཙུང་ལི་དབྱི་མུ་ལན་ཧན་དང་། སོ་ལོ་མོན་གླིང་ཚོམ་གྱི་ཙུང་ལི་སོ་ཅ་ཝ་ལེ། ཁམ་བུ་ཀྲའི་དབུ་ཞུགས་བློན་ཆེན་གཞོན་པ་ཧོ་ནན་ཧུང་། ཅིར་ཅི་སི་ཏན་གྱི་ཙུང་ལི་གཞོན་པ་དང་པོ་པོ་ལོ་ནོ་ཧྥུ། ཨ་སའེ་པེ་ཅང་གི་ཙུང་ལི་གཞོན་པ་ཨ་པུ་ཐ་ལེ་པོ་ཧྥུ་སོགས་ཕྱི་ཕྱོགས་ཀྱི་འགོ་ཁྲིད་མི་སྣ་མཉམ་དུ་མཇུག་འགྲིལ་ཚོགས་རར་ཕེབས་པ་དང་། གཟིགས་མོ་བ་ཚོར་ཕྱག་གཡུག་གནང་ནས་གུས་ལུགས་མཚོན་པར་གནང་ཡོད། དེ་དུས་ཚོགས་ར་ཡོངས་སུ་ཐལ་མོའི་རྡེབ་སྒྲས་ཁེངས་ཡོད།

ལི་ཁེ་ཆང་གིས་ཤིག་ཚིག་ནང་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱི་སྐུ་ཚབ་ཞུས་ནས་སྐབས་འདིའི་འཛམ་གླིང་སྐྱེས་ཚལ་སྒྱུ་རྩལ་འགྲེམ་ཚོགས་རྒྱལ་ཁའི་ངང་ལེགས་གྲུབ་བྱུང་བར་བཀྲིས་བདེ་ལེགས་ཞུ་རྒྱུ་མ་ཟད་པེ་ཅིང་འཛམ་གླིང་སྐྱེས་ཚལ་སྒྱུ་རྩལ་འགྲེམ་ཚོགས་ལ་རྒྱབ་སྐྱོར་གནང་མཁན་དང་དེའི་ནང་ཞུགས་མཁན་གྱི་རྒྱལ་ཁབ་ཁག་གི་གྲོགས་པོ་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བསྟན་གནང་བ་དང་། ཁོང་གིས་སྐབས་འདིའི་འཛམ་གླིང་སྐྱེས་ཚལ་སྒྱུ་རྩལ་འགྲེམ་ཚོགས་ཀྱིས་འབག་མེད་འཚོ་བ། མཛེས་པའི་ཁྱིམ་གཞིས་ཞེས་པ་བརྗོད་བྱར་བཟུང་བ་དང་། དེར་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད། འགོ་འཛུགས་མཛད་སྒོའི་ཐོག ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཛེས་སྡུག་ལྡན་པའི་སའི་གོ་ལའི་ཁྱིམ་གཞིས་མཉམ་སྐྲུན་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་མཉམ་གཏོད་བྱེད་དགོས་པའི་འབོད་སྐུལ་གནང་ཡོད། འདི་ནི་ཤེས་དཔལ་བར་ཕན་ཚུན་དཔྱད་གཞིར་འཛིན་པའི་རྒྱས་འཛོམས་ཤིག་རེད་ལ། གསར་གཏོད་ཀྱིས་ཕྱུག་པའི་རྒྱས་འཛོམས་ཤིག་ཀྱང་རེད། དེ་བས་འདི་ནི་རང་བྱུང་ཁམས་སུ་མྱོང་རོལ་བྱེད་པའི་རྒྱས་འཛོམས་ཤིག་རེད་ཅེས་བསྟན་གནང་ཡོད།

ལི་ཁེ་ཆང་གིས། ཀྲུང་གོ་ནི་སྔར་བཞིན་འཛམ་གླིང་ཐོག་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་དེ་ཡིན་པས། མུ་མཐུད་དཔལ་འབྱོར་འཛུགས་སྐྲུན་གྱིས་ལྟེ་བ་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་གོང་འཕེལ་ཉིད་གནད་དོན་མཐའ་དག་ཐག་གཅོད་བྱེད་པའི་གཞི་རྩ་དང་འགག་རྩར་བརྩི་རྒྱུ་དང་། གཅིག་གྱུར་འཆར་འགོད་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་བསྒྱུར་བཅོས་སྒོ་དབྱེའི་ཁྲོད་དཔལ་འབྱོར་སྤུས་ཚད་མཐོ་བའི་གོང་འཕེལ་ཡོང་རྒྱུ་དང་འབྱུང་ཁམས་ཁོར་ཡུག་ཆུ་ཚད་མཐོ་པོའི་ཐོག་ནས་སྲུང་སྐྱོབ་ཐུབ་རྒྱུར་མཐུན་སྦྱོར་དང་སྐུལ་འདེད་གཏོང་རྒྱུ་ཡིན། ང་ཚོས་གོང་འཕེལ་གྱི་བྱ་ཐབས་བརྗེ་སྒྱུར་མགྱོགས་སུ་གཏོང་བ་དང་། འབག་མེད་གོང་འཕེལ་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བ། དཔལ་འབྱོར་གྲུབ་གཞི་ལེགས་སྒྲིག་བྱེད་པ། འགུལ་ནུས་གསར་པ་གསོ་སྤེལ་བྱེད་པ། ནུས་གྲོན་ཁོར་སྲུང་ཐོན་ལས་དང་འཁོར་རྒྱུག་དཔལ་འབྱོར་གོང་འཕེལ་ཤུགས་ཆེན་གཏོང་བ་བཅས་བྱས་ནས། འབག་མེད་ཐལ་ཉུང་གི་འཛད་སྤྱོད་དར་སྤེལ་གཏོང་དགོས། ང་ཚོས་འབག་མེད་དམངས་ཕན་ལ་སྐུལ་འདེད་དང་། འབག་བཙོག་འགོག་བཅོས་དམག་འཐབ་ཡག་པོ་རྒྱག་པ། མི་སྡོད་ཁོར་ཡུག་འཛུགས་སྐྲུན་དང་འབྱུང་ཁམས་མ་ལག་སྲུང་སྐྱོབ། ཉམས་གསོའི་ལས་གྲྭ་བཅས་ལ་སྐུལ་འདེད་བཏང་ཏེ་མི་དམངས་མང་ཚོགས་ནས་མཛེས་སྡུག་སྐྱིད་སྣང་དོད་པའི་ཁོར་ཡུག་ཅིག་ལོངས་སུ་སྤྱོད་ཐུབ་པ་བྱེད་དགོས། ང་ཚོས་འབག་མེད་མཉམ་ལས་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་ པ་དང་། ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་དང་ལག་བསྟར་བྱེད་པ། ཐུན་མོང་ཡིན་རུང་ཁྱད་པར་ལྡན་པའི་འགན་འཁྲིའི་རྩ་དོན་དང་། གཞུང་དྲང་རྩ་དོན། རང་སོའི་འཇོན་ནུས་རྩ་དོན་བཅས་རྒྱུན་འཁྱོངས་བྱེད་པ། གནམ་གཤིས་འགྱུར་བར་ཁ་གཏད་གཅོག་པའི་ཕ་རི་སིའི་གྲོས་ཆོད་ལག་བསྟར་ཧུར་ཐག་བྱེད་པ་བཅས་བྱས་ནས་མི་དང་རང་བྱུང་ཁམས་གཉིས་ཞི་མཐུན་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་དང་མིའི་རིགས་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་གཏོད་བྱེད་དགོས་ཞེས་གསུངས་གནང་ཡོད།

མཇུག་ཏུ། ལི་ཁེ་ཆང་གིས། སྤྱི་ལོ་2019ལོའི་ཀྲུང་གོའི་པེ་ཅིང་འཛམ་གླིང་སྐྱེས་ཚལ་སྒྱུ་རྩལ་འགྲེམ་ཚོགས་དངོས་སུ་མཇུག་འགྲིལ་བའི་ཁྱབ་བསྒྲགས་གནང་ཡོད།

སྙན་འཇེབས་ལྡན་པའི་རོལ་དབྱངས་ཀྱི་འགྱུར་ཁུག་དང་བསྟུན་ནས་རྒྱལ་སྤྱིའི་འགྲེམ་སྟོན་ཅུད་ཀྱི་ཅུད་དར་དང་། རྒྱལ་སྤྱིའི་སྐྱེས་ཚལ་སྒྱུ་རྩལ་ཐོན་སྐྱེད་པའི་མཐུན་ཚོགས་ཀྱི་ཚོགས་དར། པེ་ཅིང་འཛམ་གླིང་སྐྱེས་ཚལ་སྒྱུ་རྩལ་འགྲེམ་ཚོགས་ཀྱི་ཚོགས་དར་བཅས་རིམ་པས་བཞིན་མར་ཕབ་ཡོད། དེ་རྗེས། ཅུད་དར་དང་ཚོགས་དར་རྩིས་སྤྲོད་རྩིས་ལེན་བྱེད་པའི་མཛད་སྒོ་གཉེར་ཡོད།

མཇུག་འགྲིལ་མཛད་སྒོའི་ཐོག རྒྱལ་སྤྱིའི་འགྲེམ་སྟོན་ཅུད་ཀྱི་དྲུང་ཆེ་ལོ་སའེ་ཐའེ་སི་དང་རྒྱལ་སྤྱིའི་སྐྱེས་ཚལ་སྒྱུ་རྩལ་ཐོན་སྐྱེད་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཨའུ་སི་ཐེ་ལོ་མུ་བཅས་ནས་ཁག་སོ་སོར་ཤིག་ཚིག་བསྒྲོན་གནང་ཡོད། ཧུ་ཁྲུན་ཧྭ་ཡིས་མཇུག་འགྲིལ་མཛད་སྒོ་གཙོ་སྐྱོང་གནང་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

中央广播电视总台 央广网 版权所有