ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་གཙོ་སྐྱོང་གནང་བ།

2019-10-09 09:29:00     责编:卓玛才让

སྤྱི་ཚེས་བརྒྱད་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་གཙོ་སྐྱོང་གནང་བ་དང་། གྲོས་ཚོགས་ཐོག་ཚོང་གཉེར་ཁོར་ཡུག་ལེགས་སྒྲིག་སྲོལ་ཡིག་གི་འཆར་ཟིན་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། སྲིད་གཞུང་ཁྲིམས་བཙུགས་ཐོག་ནས་རིགས་ཁག་གི་ཁྲོམ་རའི་བྱེད་པོའི་མ་འཇོག་ལས་གཏོད་ཐད་ལམ་ལུགས་ཀྱི་འགན་སྲུང་མཁོ་འདོན་བྱས་ཡོད། གཞན་ཡང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཡིག་ཚགས་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་ལ་གྲོས་བསྡུར་བྱས་ནས་གྲོས་འཆམ་བྱུང་ཡོད།

གྲོས་ཚོགས་ཐོག ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལག་བསྟར་དང་། ཆེད་དོན་ཁྲིམས་འཛིན་ཁྲིམས་སྲོལ་གཏོད་དེ་ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་དེ་ནི་བསྒྱུར་བཅོས་སྒོ་དབྱེ་ཟབ་ཏུ་གཏོང་བ་དང་། གཞུང་དྲང་འགྲན་རྩོད་ལ་སྐུལ་འདེད་གཏོང་བ། ཁྲོམ་རའི་གསོན་ཤུགས་དང་དཔལ་འབྱོར་གྱི་ནང་སྐྱེས་སྟོབས་ཤུགས་ཤུགས་ཆེར་གཏོང་བ། སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་བྱ་ཐབས་གལ་ཆེན་ཞིག་རེད་ཅེས་བསྟན་ཡོད། གྲོས་ཚོགས་ཐོག ཚོང་གཉེར་ཁོར་ཡུག་ལེགས་སྒྲིག་སྲོལ་ཡིག་གི་འཆར་ཟིན་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། ཁྲོམ་རའི་བྱེད་པོའི་དགོས་མཁོར་གཞིགས་པ་དང་སྲིད་གཞུང་གི་འགན་ནུས་བརྗེ་སྒྱུར་བྱ་རྒྱུར་གཅིག་སྡུད་བྱས་པ། ཉེ་བའི་ལོ་ཤས་རིང་གི་གློད་སྡོམ་ཞབས་གསུམ་གྱི་བསྒྱུར་བཅོས་ཀྱི་ཉམས་མྱོང་ཁྲིམས་སྲོལ་དུ་འགྱུར་བ་བྱས་པ་མ་ཟད་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་ལ་དཔེ་བལྟས་ནས་རིགས་ཁག་གི་ཁྲོམ་རའི་བྱེད་པོར་འདྲ་མཉམ་གྱི་བལྟ་སྟངས་འཛིན་པའི་ཚོང་གཉེར་ཁོར་ཡུག་གི་གཞི་རྩའི་ལམ་ལུགས་ཚད་གཞི་བཟོས་ཡོད།

གཅིག་ནས། དབང་ཆ་གཤམ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་དགོས། ཁྲོམ་རར་ཞུགས་པའི་ཆ་རྐྱེན་དམའ་རུ་གཏོང་བ་དང་རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ཞུགས་ལྡོག་ཕྱོགས་རྩིས་ཐོའི་ལམ་ལུགས་ལག་ལེན་བསྟར་དགོས་པ། ལས་གཉེར་ལག་ཁྱེར་དང་ཚོང་གཉེར་འཐུས་མཆན་ལག་ཁྱེར་གཉིས་ལོགས་དབྱེ་བྱ་རྒྱུར་སྐུལ་འདེད་གཏོང་བ། ཁེ་ལས་འཛུགས་པ་དང་མེད་པ་བཟོ་བའི་འགྲོ་ལུགས་ཉུང་འཕྲི་བྱེད་དགོས་པ། ས་གནས་ཁག་གིས་སྤྱི་ཚོགས་ཐོག་ཁེ་ལས་འཛུགས་སྐབས་ཀྱི་ལས་གཉེར་ལག་ཁྱེར་དང་ཚོང་གཉེར་འཐུས་མཆན་ལག་ཁྱེར། ཁྲལ་གཉེར། དངུལ་ཁང་ཨང་རྟགས། གློག་ཤུགས་སྦྲེལ་མཐུད་སོགས་ལ་དུས་བཀག་བཟོ་དགོས་པ་དང་། དུས་བཀག་ལས་ཡོལ་བ་རྣམས་འགྲོ་ལུགས་གཉེར་མཁན་གྱི་ཚན་པས་ཡོངས་བསྒྲགས་ཐོག་གསལ་བཤད་བྱེད་དགོས་ཞེས་ཁྱབ་བསྒྲགས་བྱེད་དགོས། གཏན་འཇགས་རྒྱུ་ནོར་ཐོ་འགོད་དང་། ཉོ་ཚོང་དང་ཁྲལ་འཇལ་སྒེའུ་ཁུང་གཅིག་ནས་བདག་སྤྲོད་བྱེད་པ། མཉམ་དུ་བདག་གཉེར་བྱེད་དགོས། སྲིད་འཛིན་འཐུས་མཆན་ལག་ཁྱེར་དང་ཞིབ་མཆན་འགོད་པའི་འགྲོ་ལུགས་སྔར་བས་ཉུང་འཕྲི་བྱེད་དགོས་པ་དང་། ཉར་ཚགས་བྱེད་དགོས་པ་རྣམས་ལ་གསལ་བསྒྲགས་ཁས་ལེན་ལམ་ལུགས་ལག་བསྟར་བྱེད་དགོས་པ། གསར་དུ་བཟོས་པའི་སྲིད་འཛིན་འཐུས་མཆན་ལག་ཁྱེར་ལ་ཚོད་འཛིན་ནན་པོ་བྱེད་དགོས་པ་མ་ཟད་བཅའ་ཁྲིམས་ཁྲིམས་སྲོལ་ལྟར་ཞིབ་དཔྱད་ཁུངས་སྐྱེལ་བྱེད་དགོས།

གཉིས་ནས། ལྟ་སྐུལ་དོ་དམ་གྱི་ཁྲིམས་བསྟར་གསར་གཏོད་བྱེད་དགོས། སྤྱི་པའི་བདེ་འཇགས་དང་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་སོགས་དང་ཐད་ཀའི་འབྲེལ་བ་ཡོད་པའི་དམིགས་གསལ་ལས་རིགས་དང་གཙོ་གནད་ཁྱབ་ཁོངས་ཕུད། གཞན་ཚང་མར་སྐབས་བསྟུན་གཉིས་དང་ཡོངས་བསྒྲགས་གཅིག་གི་ལྟ་སྐུལ་དོ་དམ་བྱེད་དགོས། གསར་དར་ཐོན་ལས་ལ་ཁོག་ཡངས་གཟབ་ནན་གྱི་ལྟ་སྐུལ་དོ་དམ་བྱེད་དགོས།

གསུམ་ནས། ཁྲིམས་ལྟར་ཁྲོམ་རའི་བྱེད་པོའི་ལས་གཉེར་རང་བདག་དབང་ཆ་དང་ལས་གཉེར་མི་སྣའི་མི་ལུས་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོབ་དང་། ཁྲིམས་གཏན་འཁེལ་བའི་དབང་ཆ་དང་གོ་རིམ་ལས་འགལ་ནས་ཁྲོམ་རའི་བྱེད་པོ་དང་ལས་གཉེར་མི་སྣའི་རྒྱུ་ནོར་ལ་སྒོ་ཐེལ་རྒྱག་པ་དང་བཀག་ཉར་བྱེད་པ་སོགས་བྱས་མི་ཆོག རིགས་ཁག་གི་ཁྲོམ་རའི་བྱེད་པོས་འདྲ་མཉམ་ངང་ཐོན་སྐྱེད་རྒྱུ་ཆ་བེད་སྤྱོད་དང་སྲིད་ཇུས་ལོངས་སྤྱོད་བྱ་རྒྱུར་འགན་སྲུང་བྱེད་དགོས། ཤེས་བྱའི་ཐོན་དབང་ལ་ཆད་གཅོད་རང་བཞིན་གྱི་གུན་གསབ་ལམ་ལུགས་འཛུགས་དགོས།

བཞི་ནས། སྲིད་དོན་ཡོངས་བསྒྲགས་ཁ་གསལ་དུ་གཏོང་དགོས། ཆུ་དང་གློག རླངས་དང་དྲོད་སོགས་སྤྱི་སྤྱོད་ཁེ་ལས་བྱ་གཞག་ཚན་པས་ཞབས་ཞུའི་ཚད་གཞི་དང་དངུལ་བསྡུའི་ཚད་གཞི་སོགས་ཀྱི་ཆ་འཕྲིན་ཡོངས་བསྒྲགས་བྱེད་དགོས། ཁྲོམ་རའི་བྱེད་པོའི་ཐོན་སྐྱེད་ལས་གཉེར་བྱེད་སྒོ་དང་འབྲེལ་བ་དམ་ཟབ་ཡོད་པའི་འབྲེལ་ཡོད་ཁྲིམས་སྲོལ་དང་སྒྲིག་སྲོལ། ཡིག་ཆ་བཅས་བཟོས་ཏེ་གཏན་འབེབས་ལྟར་ཁྲོམ་རའི་བྱེད་པོ་དང་ལས་རིགས་མཐུན་ཚོགས་དང་ཚོང་ཚོགས་ཀྱི་བསམ་འཆར་ལ་ཉན་དགོས། བཅའ་ཁྲིམས་ཁྲིམས་སྲོལ་གྱི་གཞི་འཛིན་ས་མེད་ན་ཚད་ལྡན་རང་བཞིན་གྱི་ཡིག་ཆའི་ཐོག་ནས་ཁྲོམ་རའི་བྱེད་པོའི་ཁྲིམས་མཐུན་ཁེ་དབང་ཉུང་འཕྲི་འམ་ཡང་ན་གང་དེར་འོས་འགན་གསར་པ་སྤྲོད་མི་ཆོག

ལྔ་ནས། སྲིད་གཞུང་དང་གང་དེའི་ལས་དོན་མི་སྣའི་འབྲེལ་ཡོད་ཁྲིམས་འགལ་སྒྲིག་འགལ་དང་། ལས་ཀ་མི་བྱེད་པ་དང་ལས་ཀ་གང་བྱུང་བྱེད་པའི་བྱ་སྤྱོད། སྤྱི་སྤྱོད་ཁེ་ལས་བྱ་གཞག་ཚན་པས་གྲོན་དངུལ་གང་བྱུང་བསྡུ་བ་དང་ལས་རིགས་མཐུན་ཚོགས་དང་ཚོང་ཚོགས། བར་ཁེའི་ཚན་པ་བཅས་ནས་ཁྲིམས་འགལ་ངང་དཔྱད་དཔོག་བྱེད་པ་དང་བཙན་བཤེད་ཀྱིས་ཁྲོམ་རའི་བྱེད་པོས་བར་ཁེའི་ཞབས་ཞུ་སོགས་དང་ལེན་བྱེད་དུ་བཅུག་པ་སོགས་ལ་ཁྲིམས་ལྟར་འགན་འཁྲི་རྩད་གཅོད་ནན་པོ་བྱེད་དགོས།

གྲོས་ཚོགས་ཐོག ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཡིག་ཚགས་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་ལ་གྲོས་བསྡུར་བྱས་ནས་གྲོས་འཆམ་བྱུང་བ་དང་། འཆར་ཟིན་བཟོ་བཅོས་ཚར་རྗེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་ཐག་གཅོད་བྱས་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

中央广播电视总台 央广网 版权所有