ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཞི་ཅིན་ཕིང་གིས་བཀའ་རྒྱར་མཆན་འགོད་གནང་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་༧༠འཁོར་བར་རྟེན་འབྲེལ་ཞུ་བའི་དམག་གཟིགས་མཛད་སྒོར་ཞུགས་མཁན་མི་སྣ་ཡོངས་ལ་གཟེངས་བསྟོད་གནང་བ།

2019-10-02 15:25:00     责编:sangjzm

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཚེས་༡ཉིན་བཀའ་རྒྱར་མཆན་འགོད་གནང་ནས་ ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་༧༠འཁོར་བར་རྟེན་འབྲེལ་ཞུ་བའི་དམག་གཟིགས་མཛད་སྒོར་ཞུགས་མཁན་མི་སྣ་ཡོངས་ལ་གཟེངས་བསྟོད་གནང་ཡོད་པ་རེད།

གཟེངས་བསྟོད་བཀའ་རྒྱའི་ནང་། རླབས་ཆེན་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་༧0འཁོར་བའི་རྟེན་འབྲེལ་བྱེད་སྒོ་གཟབ་རྒྱས་ནང་དམག་གཟིགས་དང་ལེན་ཞུ་མཁན་དཔུང་སྡེ་དེ་ཉིད་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲག་ཆས་སྟོབས་ཤུགས་ཀྱི་འཐུས་མི་ཡིན་པའི་ངོས་ནས་རྔམ་བརྗིད་ཟིལ་ཉམས་ལྡན་པའི་རུ་སྟར་ཆེན་པོ་དང་དཔའ་ངར་ཆེ་ལ་ཡར་བརྩོན་གྱི་རྣམ་པ་གསར་པ། ཞུམ་པ་མེད་པར་མདུན་སྐྱོད་བྱེད་པའི་ཟིལ་ཤུགས་བཅས་ཀྱི་ཐོག་ནས་གཟི་བརྗིད་ལྡན་པའི་ངང་ཏང་དང་མི་དམངས་ཀྱི་དམག་གཟིགས་དང་ལེན་ཞུས་པ་དང་ཀྲུང་གོའི་དཔའ་ཉམས་ལྡན་པ་དང་དུས་རབས་ཀྱི་ཁྱད་ཆོས་མངོན་པ། སྟོབས་ཆེའི་དམག་དཔུང་གི་ཉམས་འགྱུར་ལྡན་པའི་དམག་གཟིགས་མཛད་སྒོ་ཞིག་སྤྱན་བསྟར་ཞུས་ཡོད། དམག་གཟིགས་དང་ལེན་ཞུ་མཁན་དཔུང་སྡེའི་ངོ་མཚར་ཆེ་ལ་ཕུལ་བྱུང་གི་རྣམ་པའི་ཐོག་ནས་མི་དམངས་དམག་དཔུང་གིས་དུས་ནམ་ཡང་ཏང་གི་བཀོད་འདོམས་ལ་ཉན་པའི་ལངས་ཕྱོགས་གསལ་པོ་གཅིག་བསྡུས་ཐོག་ནས་མངོན་པར་བྱས་པ་དང་། དུས་རབས་གསར་པའི་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་གོང་འཕེལ་གྱི་འོད་སྟོང་འཕྲོ་བའི་གྲུབ་འབྲས་གཅིག་སྡུད་ཐོག་ནས་མངོན་པར་བྱས་པ། རང་དམག་གིས་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། གོང་འཕེལ་ཁེ་དབང་བཅས་སྲུང་སྐྱོང་བྱེད་པའི་སེམས་ཤུགས་དང་སྟོབས་ཤུགས་གཅིག་སྡུད་ཐོག་ནས་མངོན་པ་བྱས་ཤིང་དེས་མི་རིགས་ཀྱི་སྙིང་སྟོབས་ལ་སྐུལ་སྤེལ་ཆེན་པོ་བྱུང་བ་དང་རྒྱལ་གཅེས་ཀྱི་སྤྲོ་སེམས་འཕེལ་བ། སྟོབས་ཤུགས་ཆེན་པོ་ཞིག་གཅིག་སྡུད་བྱས་ཡོད། དེའི་ཐོག་ནས་ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་སྐྲུན་ཐུབ་པ་བྱེད་རྒྱུར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་རྒྱུ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་བྱེད་པའི་སེམས་ཤུགས་དང་བློ་སྟོབས་སྔར་བས་ཆེ་རུ་ཕྱིན་ཡོད་ཅེས་བསྟན་འདུག

གཟེངས་བསྟོད་བཀའ་རྒྱའི་ནང་། དམག་གཟིགས་ལས་འགན་བདེ་བླག་ངང་ལེགས་གྲུབ་བྱུང་བ་ནི། དམག་གཟིགས་བྱེད་སྒོའི་ནང་ཞུགས་པའི་དཔུང་སྡེས་ཏང་ཀྲུང་དབྱང་དང་། ཀྲུང་དབྱང་དམག་ཨུད་ཀྱི་ཇུས་ཐག་གཏན་འབེབ་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དང་། འགན་འཁྲི་ལྕི་མོ་སེམས་ལ་བརྟན་པོར་ངེས་ནས། ཇུས་འགོད་སྒྲིག་འཛུགས་ཞིབ་ཚགས་བྱས་པའི་འབྲས་བུ་ལས་བྱུང་བ་ཞིག་རེད། དམག་གཟིགས་ནང་ཞུགས་པའི་དཔོན་དམག་ཚོས་རང་ཉིད་ལ་ཚོད་བགམ་བྱེད་པ་དང་། ཁྱད་འཕགས་བརྩོན་ལེན་བྱེད་པ། དམག་དཔོན་དང་དམག་མི་སེམས་པ་གཅིག་ཏུ་སྒྲིལ་བ། དཔུང་པ་མཉམ་གཤིབ་ཀྱིས་དམག་འཐབ་བྱེད་པ། མི་སྣའི་བར་གྱི་རོགས་ལས་དམ་ཟབ་ལ་འགན་སྲུང་བྱེད་པ། མངོན་ཆུང་ངང་ནས་ལེགས་སྐྱེས་འབུལ་བ་བཅས་བྱས་ནས། དམག་གཟིགས་ལས་དོན་དེ་བདེ་བླག་ངང་ལེགས་གྲུབ་ཐུབ་རྒྱུར་དགོས་ངེས་ཀྱི་ལེགས་སྐྱེས་ཕུལ་ཡོད། དམག་གཟིགས་ཀྱི་ལག་ལེན་ཁྲོད། མི་སྣ་ཚང་མ་ནས་ཏང་གི་བཀོད་འདོམས་ལ་ཉན་པ་དང་། ལྟོས་མེད་ལྷག་བསམ་འཆང་བའི་ཆབ་སྲིད་ཀྱི་སྤྱོད་ལམ་དང་། མེས་རྒྱལ་ལ་སྲུང་སྐྱོབ་དང་། གཡུལ་ལས་རྒྱལ་བ་བྱེད་པའི་འགན་སེམས། མཚན་སྙན་ལ་དད་བཀུར་དང་། འགན་འཁྲིར་ངོ་གནོང་མི་དགོས་པ་བྱེད་པའི་རིན་ཐང་རེ་སྙེག ཨང་དང་པོ་བརྩོན་ལེན་དང་། རྒྱལ་ཁ་ལེན་ཕོད་པའི་ཡར་བརྩོན་སྙིང་སྟོབས། དཀའ་ངལ་ལ་མི་སྐྲག་པ་དང་། འབད་འབུངས་དཀའ་འཐབ་བྱེད་པའི་སྤྱོད་ཚུལ་བཟང་པོ་བཅས་མངོན་པར་བྱས་ནས། དུས་རབས་གསར་པའི་དམག་མིའི་མིག་དཔེ་ཡག་པོ་སྟོན་ཡོད་ཅེས་བསྟན་འདུག

གཟེངས་བསྟོད་བཀའ་རྒྱའི་ནང་། དམག་ཡོངས་ཀྱི་དཔུང་སྡེས་དམག་གཟིགས་ནང་ཞུགས་པའི་དཔུང་སྡེར་སློབ་སྦྱོང་བྱས་ཐོག ཐོག་མའི་བསམ་འདུན་མི་བརྗེད་པ་དང་། འགན་འཁྲི་སེམས་ལ་བརྟན་པོར་ངེས་པ། མུ་མཐུད་འབད་བརྩོན་བཅས་བྱས་ནས། རང་འཁྲིའི་ལས་དོན་ཡག་པོ་བསྒྲུབས་དགོས། དམག་ཡོངས་ཀྱི་དཔུང་སྡེ་དང་རྒྱ་ཆེའི་དཔོན་དམག་རྣམས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་མཛུབ་ཁྲིད་བྱེད་པ་དང་། ཞི་ཅིན་ཕིང་གིས་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ། དུས་རབས་གསར་པའི་དམག་དོན་འཐབ་ཇུས་བྱེད་ཕྱོགས་ལག་བསྟར་གཏིང་ཟབ་བྱེད་པ། འདུ་ཤེས་བཞི་ཤུགས་ཆེར་གཏོང་བ། བློ་སྤོབས་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ཐུབ་པ་བྱེད་པ། དམག་ཨུད་ཀྱི་ཀྲུའུ་ཞིའི་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱེད་པ། ཆབ་སྲིད་ཀྱིས་དམག་འཛུགས་པ་དང་། བསྒྱུར་བཅོས་ཀྱིས་དམག་སྟོབས་ཆེར་གཏོང་བ། ཚན་རྩལ་གྱིས་དམག་དཔུང་དར་རྒྱས་ཡོང་བ་བྱེད་པ། ཁྲིམས་ལུགས་ལྟར་དམག་དཔུང་བཅོས་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། སྟོབས་ཤུགས་གཅིག་སྡུད་ཀྱིས་དམག་འཐབ་གྲ་སྒྲིག་བྱེད་པ། བསྒྱུར་བཅོས་གསར་གཏོད་ཤུགས་ཆེར་གཏོང་བ། ལས་དོན་དོན་འཁྱོལ་ལ་དམ་འཛིན་བཅས་བྱས་ནས། ཏང་གི་དུས་རབས་གསར་པའི་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་འབེན་མངོན་གྱུར་དང་། མི་དམངས་དཔུང་སྡེ་འདི་ཉིད་ཁྱོན་ཡོངས་ནས་འཛམ་གླིང་གི་དམག་དཔུང་རྩེ་གྲར་འགྱུར་བ་བྱེད་ཆེད་འབད་བརྩོན་ལྷོད་མེད་བྱ་དགོས་ཞེས་འབོད་སྐུལ་གནང་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། སྐྱིད་པོ། མིག་དམར་རྒྱལ་པོ།

中央广播电视总台 央广网 版权所有