ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ70འཁོར་བར་རྟེན་འབྲེལ་ཞུ་བའི་མཉམ་སྤྲོའི་བྱེད་སྒོ་པེ་ཅིང་གཟབ་རྒྱས་སྤེལ་བ།

2019-10-02 12:41:00     责编:sangjzm

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ70འཁོར་བར་རྟེན་འབྲེལ་ཞུ་བའི་མཉམ་སྤྲོའི་བྱེད་སྒོ་པེ་ཅིང་གཟབ་རྒྱས་སྤེལ་བ་དང་། ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲོའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་སོགས་ཀྱིས་ལས་རིགས་ཁག་གི་མང་ཚོགས་དང་རྒྱལ་སྟོན་གྱི་མཚན་མོར་རོལ་བ།

ལོ་ཟླ་གླུ་དང་འདྲ་ཡང་། ཀྲུང་ཧྭ་བུ་ཕྲུག་གི་དཔའ་སྟོབས་ཀྱི་ཁེངས་པའི་སེམས་པ་ལེན་མི་ཚར། དོ་ནུབ་ཀྱི་མཚན་མོ་བརྗེད་པར་དཀའ། མཉམ་དུ་རླབས་ཆེན་མེས་རྒྱལ་གྱི་མ་འོངས་པ་དེ་བས་མཛེས་སྡུག་ལྡན་པར་འགྱུར་བའི་སྨོན་འདུན་ཞུ། སྤྱི་ཚེས་1ཉིན་གྱི་མཚན་མོ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ70འཁོར་བར་རྟེན་འབྲེལ་ཞུ་བའི་མཉམ་སྤྲོའི་བྱེད་སྒོ་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་ཐོག་གཟབ་རྒྱས་ངང་སྤེལ་ཡོད། ཏང་དང་རྒྱལ་ཁབ་ཀྱི་དབུ་ཁྲིད་ཞི་ཅིན་ཕིང་དང་། ལི་ཁོ་ཆང་། ལི་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲོའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་སོགས་གནམ་བདེ་སྒོ་མོ་ཆེའི་ཐོག་ཁང་ཐོག་ཕེབས་ཏེ། མི་རིགས་ཁག་དང་ལས་རིགས་ཁག་གི་མང་ཚོགས་དང་ལྷན་དུ་རྒྱལ་སྟོན་གྱི་མཚན་མོར་རོལ་བ་རེད།

སྟོན་དུས་ཀྱི་པེ་ཅིང་དུ། གློག་འོད་བཀྲ་ཞིང་རྟེན་འབྲེལ་མེ་ཏོག་བཞད་པས་གང་སར་དུས་ཆེན་གྱི་རྣམ་པས་ཁེངས་ཡོད། གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་ནས་ཅིན་ཧྲུའེ་ཆའོ་ཟམ་པའི་ལྷོ་སྣེའི་བར། དཔྱང་དར་དམར་པོས་བརྗོད་དོན་བྱས་པའི་མཛེས་ལྗོངས་དང་། དམིགས་བསལ་ནུས་པ་ལྡན་པའི་ཤོག་སྦག་ཤིང་སྡོང་7 LEDབརྙན་ཡོལ་ཆེན་པོ། ལག་ཏུ་མཚོན་ལྡན་གློག་ཞུ་འཁྱེར་བའི་མང་ཚོགས་3000ལྷག་ཙམ། དེ་བཞིན་མི་རིགས་ཁག་དང་ལས་རིགས་ཁག་གི་མང་ཚོགས་བཅས་ནས་མཉམ་སྤྲོའི་བྱེད་སྒོའི་ལྟེ་བའི་ཁུལ་དེ་ངོ་མཚར་གྱིས་རབ་ཏུ་བརྒྱན་པར་བྱས་ཡོད། མང་ཚོགས་ཀྱི་མཉམ་སྤྲོའི་ཁུལ་10ཁྲང་ཨན་ཁྲོམ་ལམ་གྱི་ལམ་རྒྱུད་དུ་ཡོད་པ་དང་། མང་ཚོགས་ཁྲི་སྟོང་མང་པོས་གླུ་ལེན་གར་འཁྲབ་བྱས་ནས་སྤྱི་མཐུན་རྒྱལ་ཁབ་ལ་བསྔགས་བརྗོད་དང་དུས་རབས་གསར་པར་བསྟོད་གླུ་ཕུལ་ཡོད་པ་རེད།

ཆུ་ཚོད་19དང་སྐར་མ་57ཐོག ཞི་ཅིན་ཕིང་སོགས་འགོ་ཁྲིད་བློ་མཐུན་གནམ་བདེ་སྒོ་མོ་ཆེའི་ཐོག་ཁང་གི་ཀྲུའུ་ཞི་སྟེགས་བུར་ཕེབས་ནས། མང་ཚོགས་རྣམས་ལ་ཕྱག་གཡུག་གཡུག་གནང་བས་ཚོགས་རུ་ཡོངས་སུ་དགའ་འབོད་ཀྱི་སྒྲས་ཁེངས་ཡོད།

ཆུ་ཚོད་20ཟིན་སྐབས། གློག་འཕྲིན་ཐོག་ཁང་ནས་སྙན་འཇེབས་ལྡན་པའི་ཤར་ཕྱོགས་དམར་ཞེས་པའི་རོལ་དབྱངས་ཀྱི་སྒྲ་གྲགས་པ་དང་བསྟུན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། པེ་ཅིང་གྲོང་ཨུད་ཀྱི་ཧྲུའུ་ཅི་ཚའེ་ཆི་ཡིས་མཉམ་སྤྲོའི་བྱེད་སྒོ་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་ཡོད་པ་རེད། ཤར་གྱི་ཅན་གོ་མོན་ནས། ནུབ་གྱི་ཧྥུ་ཤིང་མོན་བར་ཤོག་སྤགས་ཀ་གདུང་70རིམ་པ་བཞིན་ནམ་མཁའི་དབྱིངས་སུ་བརྒྱབ་ནས་གནམ་བདེ་སྒོ་མོའི་ཐང་ཆེན་ཐོག་གཅིག་བསྡུས་བྱས་ཡོད་པས། ཐང་ཆེན་གྱི་མཁའ་དབྱིངས་སུ་ཨང་ཀི་70དབྱིབས་ཀྱི་ཤོག་སྤགས་མེ་ཏོག་འབར་ནས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ནས་ཀྲུང་གོ་གསར་པའི་ལོ་ངོ་70འཁྲུངས་སྐར་ལ་སྤྲོ་སེམས་རབ་ཏུ་འཁོལ་བའི་བསྟོད་གླུ་འབུལ་བའི་རྣམ་པ་མཚོན་པར་བྱས་ཡོད།

མཉམ་སྤྲོའི་བྱེད་སྒོ་དེ་ལེའུ་ཁག་བཞི་ལ་དབྱེ་ཡོད་ཅིང་། དེ་དག་ནི་བརྗོད་དོན་གཙོ་བོའི་འཁྲབ་སྟོན་དང་། ལྟེ་བའི་མཉམ་སྤྲོའི་འཁྲབ་སྟོན། མང་ཚོགས་ཀྱི་མཉམ་སྤྲོ། ཤོག་སྦག་སྤོར་བ་བཅས་ལས་གྲུབ་ཡོད་པ་རེད།

སྔོན་འགྲོའི་ལེའུ། དར་དམར་ལ་བསྟོད་པ་ཞེས་པ་དེས་མཉམ་སྤྲོའི་བྱེད་སྒོའི་འགོ་བཙུགས་པ་དང་རྔམ་བརྗིད་ལྡན་པའི་གུས་ལུགས་མེ་སྒྱོགས་གི་སྒྲ་དང་རྔམ་བརྗིད་ལྡན་འི་མཉམ་སྒྲོག་རོལ་དབྱངས་ཀྱི་སྒྲའི་ཁྲོད། འཁྲ་སྟོན་པ་གསུམ་སྟོང་ལྷག་ཙམ་གྱིས་སྐར་ལྔའི་དར་དམར་གྱི་དབྱིབས་གཟུགས་ཆེན་པོ་བཟོས་ཡོད། གནམ་སྔོན་སྤྲིན་དཀར་འོག་དང་གངས་རིའི་རྩེ་མོར་བཅིངས་འགྲོ་དམག་གི་འཐབ་འཛིངས་པས་རྒྱལ་དར་ལ་སྲུང་སྐྱོབ་བྱེད་བཞིན་ཡོད། ཡངས་པའི་ཞིང་ཐང་དང་རྒྱ་མཚོའི་གླིང་ཚོམས་ཐོག་གཞོན་ནུ་ལོ་ཆུང་གི་རྒྱལ་དར་གུས་འདུད་ཞུས་པ། མཐའ་ཡས་པའི་མཁའ་དབྱིངས་སུ་ལྷ་གྲུ་རྟགས་ཅན་གྱི་འཕུར་གྲུའི་ཐོག རྒྱལ་དར་བཀལ་བའི་པར་རིས་མངོན་པར་བྱས་པ། མེས་རྒྱལ་ལ་བསྟོད་གླུ་འབུལ་ཞེས་པའི་གླུ་སྒྲའི་ཁྲོད་རིང་ཚད་སྨི་90དང་ཞེང་ཚད་ལ་སྨི་60ཡོད་པའི་རྒྱལ་དར་ཆེན་པོ་ཞིག་ཐང་ཆེན་གྱི་མཁའ་དབྱིངས་སུ་ལྷབ་ལྷུབ་ཏུ་གཡོ། འཁྲབ་སྟོན་པ་3000ལྷག་གིས་ཤོག་སྦག་འཁྱེར་ནས་མེས་རྒྱལ་ཁྲི་ལོར་བརྟན་པར་ཤོག་ཅེས་པའི་ཡིག་འབྲུ་བསྒྲིགས་པ། མི་རིགས་ཁག་གི་མང་ཚོགས་རྣམས་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་ལྟེ་བར་འཛོམས་ཤིང་། ཚོགས་ར་ཡོངས་སུ་དགའ་སྤྲོའི་རྦ་རླབས་འཕྱུར་བ་དང་མགྲིན་དབྱངས་གཅིག་གྱུར་ཐོག་མེས་རྒྱལ་ཁྲི་ལོར་བརྟན་པར་ཤོག་ཅེས་དགའ་འབོད་བྱས་ཡོད་པ་རེད།

ལེའུ་དང་པོ། ང་ཚོ་ལམ་ཆེན་ཐོག་ཏུ་བསྐྱོད་ཅེས་པས་ཀྲུང་གོ་གསར་པའི་ལོ་ངོ་70ཡི་འབད་ཐབས་གླུ་དབྱངས་བླངས་པ་དང་། ཡར་ལངས་པའི་ཀྲུང་གོའི་མི་དམངས་ཀྱི་བསམ་པའི་ཉམས་སྣང་མཚོན་པར་བྱས་ཡོད། ཐལ་མོའི་རྡེབས་སྒྲས་སྤྲོ་སེམས་རྒྱས་པ་དང་བྲོ་གར་རྡོག་སྒྲས་ས་གཞི་འཁྱོམ་པར་བྱས། རས་དམར་ལེབ་མོ་རེ་རེ་བཞིན་གྱིས་ཀྲུང་གོའི་བཀྲ་ཤིས་མཚོན་མདུད་ཆེན་པོ་རེ་རེ་བསླས་ཤིང་། མི་རྣམས་ཀྱིས་ཆེས་སྤྲོ་སྣང་ལྡན་པའི་རྣམ་པའི་ཐོག་ནས་ཏང་ལ་དགའ་བ་དང་རྒྱལ་ཁབ་གཅེས་པའི་སེམས་སྒྲ་མཚོན་པར་བྱས་ཡོད། སོག་རིགས་ཀྱི་བསྟོད་གླུ་ཞེས་པ་དང་བོད་རིགས་ཀྱི་གླུ་ཞིག་བླངས་ནས་ཏང་ལ་ཕུལ་ཞེས་པ། པེ་ཅིང་གསེར་གྱི་རི་ལ་ཞེས་པ། ཡུ་གུར་རིགས་ཀྱི་ན་གཞོན་གྱི་བྲོ་གར་ཞེས་པ། ཁྲའོ་ཞན་རིགས་ཀྱི་ཉི་མ་དམར་པོ་མཐའ་མཚམས་ལ་འཕྲོས་ཞེས་པ། ཀྲོང་རིགས་ཀྱི་སྙན་པའི་ལ་གླུ་བརྩེ་བའི་མི་ལ་ཕུལ་ཞེས་པ། ཧུའེ་རིགས་ཀྱི་མེ་ཏོག་དང་ལོ་ཆུང་བྱིས་པ་ཞེས་པ་སོགས་མི་རིགས་ཁག་གི་མང་ཚོགས་ནས་གླུ་ལེན་གར་འཁྲབ་དང་མཉམ་སྤྲོ་མཉམ་སྐྱིད་བྱས་ཡོད་པ་རེད། གཞོན་ནུའི་མཛའ་གྲོགས་སྐོར་བྲོའི་རོལ་མོ་ཞེས་པའི་དབྱངས་རྟའི་ཁྲོད་ཐང་ཆེན་གྱི་མཁའ་དབྱིངས་སུ་ཤོག་སྦག་གི་མཚོན་མདངས་རྣམ་པ་བཀྲ། གངས་འཁྱགས་རི་ཚོགས་ནས་བྱེ་ཐང་གཤོང་སའི་བར་དང་། རྒྱ་ཆེ་བའི་ཐང་རྒོད་ནས་མུ་བྲལ་གྱི་རྒྱལ་མཚོ་ཆེན་མོའི་བར། མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཛུགས་སྐྲུན་དམག་རེ་རེ་བཞིན་གྱིས་མེས་རྒྱལ་གྱི་དགོས་མཁོ་ཆེ་ཤོས་ཀྱི་ས་ཆར་བསྐྱོད་བཞིན་མཆིས།

ལེའུ་གཉིས་པ། རེ་བའི་ཞིང་སའི་ཐོག་ཞེས་པས་བསྒྱུར་བཅོས་སྒོ་དབྱེ་ནི་དཔྱིད་རླུང་གིས་གངས་འཁྱགས་བཞུར་བ་ས་གཞི་ཆེན་མོའི་གསོས་སུ་སྨིན་པ་མཚོན་པར་བྱས་ཡོད། དུས་རབས་གོང་མའི་ལོ་རབས་50པའི་ང་ཡི་མེས་རྒྱལ་ཞེས་པ་དང་། ལོ་རབས་60པའི་མེ་ཏོག་རེ་རེ་བཞིན་ཉི་མར་ཕྱོགས་ཞེས་པ། ལོ་རབས་70པའི་ཀྲུང་གོ། ཀྲུང་གོ། དམར་མདངས་རྒྱས་པའི་ཉི་མ་ནུབ་མི་སྲིད་ཅེས་པ་སོགས་ནས་དུས་རབས་གསར་པའི་འོད་སྣང་གི་ལམ་བུའི་ཐོག་ཅེས་པའི་བར་ཀྲུང་གོ་གསར་པ་དབུ་བརྙེས་རྗེས་ཀྱི་དུས་རབས་རེ་རེའི་ཕུལ་བྱུང་གླུ་དབྱངས་དང་བསྟུན་ནས་མཉམ་སྤྲོའི་སྤྲོ་ཚོགས་ལ་ཞུགས་པའི་མང་ཚོགས་ཀྱིས་གླུ་ལེན་གར་འཁྲབ་བྱེད་པ་དང་དམངས་ཁྲོད་རིག་གནས་དང་དམངས་སྲོལ་སྒྱུ་རྩལ་གྱི་ཉམས་སྣང་གང་ལེགས་མཚོན་པར་བྱས་ཡོད།

ལེའུ་གསུམ་པ། དུས་རབས་གསར་པར་སྣེ་ཁྲིད་བྱེད་ཅེས་པས་དུས་རབས་གསར་པའི་ཀྲུང་གོའི་མི་དམངས་ཀྱི་ཕུགས་བསམ་འདྲ་མིན་སྣ་ཚོགས་མཚོན་པར་བྱས་ཤིང་། མི་རིགས་ཁག་གི་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་བརྩོན་ལེན་བྱེད་པའི་བསམ་པའི་ཉམས་སྣང་མཚོན་པར་བྱས་ཡོད། ཚོན་ལྡན་རླང་འཁོར་དང་འཁོར་སྐྱོད་འོད་སྣང་། སྤྲོ་སེམས་འཕེལ་བའི་གླུ་གར། གསོན་ཤུགས་རྒྱས་པའི་རྒྱུག་ཤར་གློད་པ་བཅས་ཀྱི་གནམ་ས་གསར་པ་དང་དུས་རབས་གསར་པའི་བདེ་སྐྱིད་ཀྱི་པར་རིས་ཁྲོད། མཉམ་སྤྲོའི་སྤྲོ་ཚོགས་ལ་ཞུགས་པའི་མང་ཚོགས་ནས་གླུ་ལེན་གར་འཁྲབ་མཉམ་དུ་བྱས་ཡོད་པ་རེད། རོལ་དབྱངས་ཤོག་སྦག་དུས་རབས་གསར་པའི་སྐོར་བྲོའི་རོལ་མོ་ཞེས་པས་བརྗིད་ཉམས་ཆེ་བའི་འཁྲབ་སྟོན་རྣམ་པ་རེ་རེས་དུས་རབས་གསར་པའི་སྤོབས་ཉམས་དང་གཟི་བརྗིད་མཚོན་པར་བྱས་ཡོད། འཁྲབ་སྟོན་བྱེད་མཁན་གྱིས་ལག་ནང་ཤོག་སྦག་སྤར་ནས། དུས་རབས་གསར་པ་ཞེས་པའི་ཡིག་འབྲུ་མཁའ་དབྱིངས་སུ་གསལ་ལྷམ་མེར་འཆར་བ་བྱས་ཡོད། ཤོག་སྦག་ལྕང་མའི་ཐོག་ནས་འབྱོར་ཕྱུག་མངའ་ཐང་རྒྱས་པ་དང་། བཀྲ་ཤིས་རྟེན་འབྲེལ་གྱི་རྟགས་ཡོད་པའི་མེ་ཏོག་ཤིང་པད་མ་བཞད་པའི་འགུལ་རིས་མངོན་པ་བྱས་ཡོད། མཉམ་སྤྲོའི་ནང་ཞུགས་མཁན་མང་ཚོགས་ཀྱིས་མཛེས་པའི་རི་མོའི་ཕྱོགས་སུ་སྐྱོད་ནས། སེམས་གཏིང་གི་གླུ་སྒྲས་ཐོག་མའི་བསམ་འདུན་མི་བརྗེད་པ་ཞེས་པའི་གླུ་གཞས་དེ་བཏང་ཡོད། མི་རིགས་ཁག་གི་སྤུན་ཟླ་དང་། ལས་རིགས་ཁག་གི་མང་ཚོགས་ཀྱིས་མགྱོགས་འོད་འཚེར་བའི་རྣམ་པའི་ཐོག་ནས། ང་དང་ང་ཡི་མེས་རྒྱལ་ཞེས་པའི་གླུ་སྒྲའི་ཐོག་ནས་མེས་རྒྱལ་ལ་དགའ་ཞེན་བྱེད་ལུགས་མཚོན་པ་དང་། སྔར་བས་མཛེས་སྡུག་ལྡན་པའི་མ་འོངས་པར་ཁ་ཕྱོགས་ལུགས་མཚོན་པར་བྱས་ཡོད། མཉམ་སྤྲོ་མཉམ་སྐྱིད་མཉམ་དུ་སྨོན་འདུན་ཞུ་ཞེས་པའི་གླུ་སྒྲ་དང་འགྲོགས་ནས། མི་རྣམས་ཀྱིས་གླུ་ལེན་གར་འཁྲབ་བྱས་ནས། ཀྲུང་གོ་གསར་པའི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུས་ཡོད།

སྐར་ལྔའི་དར་དམར་ལྷབ་ལྷུབ་གཡོ། རྒྱལ་ཁའི་གླུ་སྒྲ་སྐད་གསང་མཐོ། གླུ་དབྱངས་ཁྲི་སྟོང་མང་པོ་སེམས་སྒྲ་གཅིག་ཏུ་བསྡུས་ནས་མེས་རྒྱལ་ལ་བསྟོད་གླུ་ཕུལ་ཡོད། རི་ཀླུང་ཀུན་ནས་མི་དམངས་ཁྲི་ལོར་བརྟན་པ་ཤོག་ཅེས་པའི་བྲག་ཅ་འཁོར་ཡོད།

ཞི་ཅིན་ཕིང་སོགས་འགོ་ཁྲིད་བློ་མཐུན་གྱིས་ཚོགས་ར་ཡོངས་ཀྱི་མང་ཚོགས་དང་མཉམ་དུ་མེས་རྒྱལ་ལ་བསྟོད་གླུ་འབུལ་ཞེས་པའི་གླུ་གཞས་བཏང་གནང་ཡོད་པ་རེད། གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གི་མཁའ་ཐོག་ཏུ་ཤོག་སྦག་གི་མེ་ཏོག་རྣམ་པར་བཀྲ་ཞིང་། མཉམ་སྤྲོའི་བྱེད་སྒོའི་རྣམ་པ་ཚ་རླབས་ཞིག་འཕྱུར་ཡོད།

ཆུ་ཚོད་༢༡དང་སྐད་མ་༣༠ཙམ་ལ། མཉམ་སྤྲོའི་བྱེད་སྒོ་རྒྱལ་ཁའི་ངང་ལེགས་བསྒྲུབས་བྱུང་ཡོད། ཐང་ཆེན་ཐོག སེམས་འགུལ་ཚད་མེད་ཐེབས་པའི་མི་རྣམས་དགའ་སྤྲོའི་དཔལ་ལ་རོལ་བ་དང་། མཉམ་སྤྲོའི་བྱེད་སྒོ་ལས་ཡུན་རིང་བྲལ་བར་མི་འདོད་པའི་རྣམ་པ་བསྟན་ཡོད་པ་རེད།

མཉམ་སྤྲོའི་བྱེད་སྒོའི་ནང་ཞུགས་མཁན་གྲས་སུ་ད་དུང་། ཏིང་ཞུའེ་ཞང་དང་། ཝང་ཁྲེན། ལེའུ་ཧོ། ཞུས་ཆི་ལེའང་། སུན་ཁྲུན་ལན། ལི་ཞི། ལི་ཆང་། ལི་ཧུང་ཀྲུང་། ཡང་ཅེ་ཁྲེ། ཡང་ཞའོ་ཏུའུ། ཀྲང་ཡིའུ་ཞ། ཁྲེན་ཞི། ཁྲེན་ཆོན་གོ ཁྲེན་རྨིན་ཨེར། ཧུའུ་ཁྲུན་ཧྭ། ཀོ་ཧྲེང་ཁུན། ཧོང་ཁུན་མིང་། ལི་རུའེ་ཧོན། ཅ་ཆིང་ལིན། ཀྲང་ཏེ་ཅང་། ཡུས་ཀྲེང་ཧྲེང་། སུང་ཕིང་། ཙེང་ཆིང་ཧུང་། ཝུའུ་ཀོན་ཀྲེང་། ལི་ཁྲང་ཁྲུན། ཧོ་གོ་ཆང་། ལིའུ་ཡུན་ཧྲན། ཀྲང་ཀའོ་ལི་སོགས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། ཟླ་བ་ཚེ་རིང་།

中央广播电视总台 央广网 版权所有