ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་༧༠འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་མཚན་ཚོགས་ཆེ་གྲས་པེ་ཅིང་དུ་གཉེར་བ།

2019-09-30 10:24:56     责编:nake

  ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། ལོ་ངོ་བདུན་ཅུའི་རླབས་ཆེའི་འཕོ་འགྱུར། ལོ་ངོ་བདུན་ཅུའི་བརྗིད་ཆེའི་རྒྱང་སྐྱོད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་༧༠འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་མཚན་ཚོགས་ཆེ་གྲས་ཀྲུང་ཧྭ་ཡི་བུ་ཕྲུག འབད་འཐབ་གྱིས་ཤིག་ཅེས་པ་པེ་ཅིང་དུ་གཉེར་བ་དང་། ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། ཝང་ཡང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ་དང་། གཟིགས་མོ་བ་༤༠༠༠ལྷག་གིས་མཉམ་དུ་འཁྲབ་སྟོན་ལ་གཟིགས་ནས། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་༧༠སོང་རིང་གི་འོད་སྟོང་འཕྲོ་བའི་འཕེལ་རིམ་ལ་ཕྱིར་དྲན་གནང་བ་དང་། རླབས་ཆེའི་མེས་རྒྱལ་གྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ལ་སྨོན་འདུན་ཞུས་གནང་ཡོད།

  མི་དམངས་ཚོགས་ཁང་ཆེན་མོའི་མི་ཁྲིའི་ཚོམས་ཆེན་དུ་གང་སར་དགའ་སྤྲོའི་རྣམ་པས་ཁེངས་ཡོད། ཐོག་སོ་གཉིས་པའི་གཟིགས་སྟེགས་སྟེང་གི་མངོན་གསལ་དོད་པའི་སྦྱར་ཡིག་ཐོག བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་གཟབ་བྱས་ནས། ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་སེམས་ལ་བརྟན་པོར་ངེས་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་རྒྱལ་ཁ་ཧུར་ཐག་ངང་ལེན་དགོས་ཞེས་པ་འཁོད་ཡོད། ཚོགས་ཁང་ཆེན་མོའི་རྒྱབ་ཡོལ་ཐོག མཛེས་སྡུག་རྣམ་པར་བཀྲ་བའི་མེ་ཏོག་སོས་པའི་པར་རིས་གྲིབ་གཟུགས་འཕྲོས་ཏེ། སྤྲོ་སེམས་འཁོལ་བའི་དུས་ཆེན་གྱི་རྣམ་པས་ཁེངས་ཡོད། རྒྱལ་དར་བཟོ་དབྱིབས་ཅན་གྱི་གར་སྟེགས་གྱང་གཉིས་སྟེགས་བུའི་སྒོ་འགྲམ་དུ་འགྱིང་ངེར་བཙུགས་ཡོད་ཅིང་། དེའི་གཞོགས་གཉིས་སུ་གུས་ལུགས་དམག་མི་༣༦ལངས་ཡོད་པ་རེད།

  ཆུ་ཚོད་༡༩དང་སྐར་མ་༥༥ཐོག སྤྲོ་སེམས་འཁོལ་བའི་གླུ་སྒྲའི་ཁྲོད། ཞི་ཅིན་ཕིང་སོགས་འགོ་ཁྲིད་བློ་མཐུན་ཚོམས་ཆེན་དུ་ཕེབས་ནས། བློ་མཐུན་རྒན་གྲས་ཀྱི་འཐུས་མི་དང་མཛའ་བརྩེའི་ངང་ཕྱག་བཏང་གནང་སྟེ། ཁོང་ཚོར་བླ་ན་མེད་པའི་གུས་འདུད་མཚོན་པར་གནང་བས། ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས་ཡོད།

  གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད་ཅེས་པའི་མེ་སེམས་ལ་སྐུལ་མ་གཏོང་བའི་རོལ་དབྱངས་ཀྱི་འགྱུར་ཁུག་ཁྲོད། རོལ་དབྱངས་ཞབས་བྲོའི་ལོ་རྒྱུས་སྙན་ངག་ཀྲུང་ཧྭ་ཡི་བུ་ཕྲུག འབད་འཐབ་གྱིས་ཤིག་ཅེས་པ་འགོ་ཚུགས་ཡོད།

  མཚན་ཚོགས་དེ་འབད་འཐབ་ཞེས་པས་གཙོ་ཐིག་བྱས་ཏེ། ཁྱོན་ལེའུ་བཞིར་ཕྱེ་ཡོད།

  ལེའུ་དང་པོ། ཁྲག་བཏོན་དམག་འཐབ་ཅེས་པ་འགོ་ཚུགས་མ་ཐག མཉམ་སྒྲོག་རོལ་མོ་དང་ཞབས་བྲོ་ལོངས་ཤོག ལོངས་ཤོག་ཅེས་པས་མི་རྣམས་ཀྱི་དྲན་འཆར་ཀྲུང་ཧྭ་མི་རིགས་ཆེས་དཀའ་ཚེགས་ཆེ་བའི་ལོ་ཟླར་ཁྲིད་ཡོད། དེ་རྗེས། སྤྲོ་ངར་གྱིས་ཕྱུག་པའི་གླུ་གར། རྒྱལ་སྤྱིའི་གླུ་དབྱངས་ཞེས་པས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་སྐབས་ཀྱི་གནམ་ས་གཤག་པ་ལྟ་བུའི་དོན་རྐྱེན་ཆེན་མོ་སླར་ཡང་མངོན་པར་བྱས་པ་དང་། མཉམ་སྒྲོག་རོལ་མོ་དང་། མཉམ་གཞས། ཞབས་བྲོ་བཅས་ཀྱི་ཟློས་གར་ནན་ཁྲང་འོས་བླངས་ཞེས་པ་དང་། ཞི་ཅང་ཡོས་ ཅིང་ཀང་ཧྲན་རི་བོ་ཞེས་པ། གངས་རི་དང་རྩྭ་ཐང་བརྒལ་བ་ཞེས་པ། ཡན་ཨན་ལ་བསྟོད་གླུ་འབུལ་ཞེས་པ། ང་རོ་སྒྲོག རྨ་ཆུ་ཞེས་པ། འབྲི་ཆུ་འཕྲེད་བརྒལ་བྱེད་ཅེས་པ་སོགས་དུས་ཚོད་ཀྱི་གོ་རིམ་བཞིན། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ལ་ལོ་ངོ་༢༨རིང་མཐུན་སྒྲིལ་སྣེ་ཁྲིད་གནང་ནས་ཀྲུང་གོ་གསར་པ་བཙུགས་པའི་རླབས་ཆེའི་འཕེལ་རིམ་གསོན་ཉམས་དོད་པོས་མངོན་པར་མཛད་ཡོད།

  ལེའུ་གཉིས་པ། དཀའ་སྤྱད་འབད་འཐབ་ཅེས་པ་ལྟ་ན་སྡུག་ཅིང་བརྗིད་ཉམས་ལྡན་པའི་མཉམ་གཞས་དང་ཟློས་གར་ཤར་ཕྱོགས་དམར་པོ་ཞེས་པའི་ཁྲོད་འགོ་ཚུགས་ཏེ། ཀྲུང་གོ་གསར་པའི་གནམ་ས་གཡོ་བ་ལྟ་བུའི་སྤྱི་ཚོགས་རིང་ལུགས་གསར་བརྗེ་དང་འཛུགས་སྐྲུན་བྱེད་པའི་ལོ་ཟླར་ཕྱིར་དྲན་ཞུས་ཡོད། བསྟོད་གླུ་ཞེས་པ་དང་། ཡར་ལངས་ཞིང་བྲན་གྱིས་གླུ་དབྱངས་ལེན་ཞེས་པའི་ཐོག་ནས་མི་རིགས་ཁག་གི་བུ་ཕུག་ཚོས་འཚོ་བ་གསར་པར་ཕུལ་བའི་དགའ་སྤྲོ་མཚོན་པར་བྱས་པ་དང་། དཔའ་བོའི་བསྟོད་གླུ་ཞེས་པ་དང་། ངའི་མེས་རྒྱལ་ཞེས་པའི་ཐོག་ནས་ཁྱིམ་སྲུང་རྒྱལ་སྐྱོབ་བྱེད་པའི་རྒྱལ་གཅེས་བརྩེ་བར་བསྟོད་གླུ་བླངས་པ། ང་ཚོ་ལམ་ཆེན་ཐོག་ཏུ་སྐྱོད་ཅེས་པ་དང་། ངས་མེས་རྒྱལ་ལ་རྡོ་སྣུམ་མཁོ་འདོན་བྱེད་ཅེས་པའི་ཐོག་ནས་རྙིང་ཚབ་གསར་བརྗེ་ཕོད་པའི་གསོན་ཤུགས་ལྡན་པའི་བློ་སྤོབས་མངོན་པར་བྱས་ཡོད། མཉམ་སྒྲོག་རྣམ་པའི་འཁྲབ་སྟོན་སྤྱི་མཐུན་རྒྱལ་ཁབ་ཀྱི་བརྩེ་བ་ཞེས་པའི་ཁྲོད། འཕུར་མདེལ་གཉིས་དང་སྐར་མ་གཅིག་ཅེས་པར་བྱས་རྗེས་ཆེན་པོ་འཇོག་གནང་མཁན་ཀོ་ཡུང་ཧོའེ་ཡིས་རང་སྲོག་རྒྱལ་ཁབ་ཆེད་ལེགས་སྐྱེས་ཕུལ་གནང་སྟེ། གནམ་གྲུར་ཆག་སྒོ་མ་འཕྲད་གོང་རང་ལུས་དོར་ནས་རྩ་ཆེའི་ཡིག་ཆར་སྲུང་སྐྱོབ་གནང་བའི་རྣམ་པས། དེ་གར་ཡོད་པའི་གཟིགས་མོ་བ་ཚང་མར་སེམས་འགུལ་ཐེབས་ཡོད།

  ལེའུ་གསུམ་པ། མཐུན་སྒྲིལ་འབད་འཐབ་ཅེས་པས་གླུ་སྒྲ་དང་ཞབས་བྲོ་བརྒྱུད་དེ་བསྒྱུར་བཅོས་སྒོ་དབྱེའི་བྱ་གཞག་ལ་བཅངས་པའི་བརྩེ་བ་ཟབ་མོ་དང་བསྔགས་བརྗོད་ཆེན་པོ་མཚོན་པར་བྱས་ཡོད། ཆང་འདྲེན་གླུ་དབྱངས་ཞེས་པ་དང་། རེ་བའི་ཞིང་ས་ཞེས་པ། དཔྱིད་དུས་ཀྱི་གཏམ་རྒྱུད་ཅེས་པ། དུས་རབས་གསར་པར་བསྐྱོད་པ་ཞེས་པ། རི་ཀླུང་ཞེས་པ་སོགས་ཀྱི་ཐོག་ནས་རྒྱལ་ཁབ་གོང་འཕེལ་དར་རྒྱས་དང་མི་དམངས་ཀྱི་བདེ་སྐྱིད་མཛེས་སྡུག་ལྡན་པའི་འཚོ་བར་བསྟོད་གླུ་ཕུལ་ཡོད་པ་རེད། ཤར་ཕྱོགས་མུ་ཏིག་ཅེས་པ་དང་། ཚིག་བདུན་དབྱངས་རྟ་ཞེས་པ། ཕ་ཡུལ་གྱི་སྤྲིན་དཀར་ཞེས་པ་སོགས་བླངས་ཏེ་མེས་རྒྱལ་ལ་བཅངས་པའི་བརྩེ་དུང་ཟབ་མོ་དང་རྒྱལ་ཁབ་གོང་བུ་གཅིག་གྱུར་ལ་བཅངས་པའི་རེ་སྒུག་ཆེན་པོ་མཚོན་པར་བྱས་ཡོད། རྒྱལ་ཕམ་ཀྱི་ངག་གླུ་ཞེས་པ་དང་འཆི་གསོན་ལ་ཐུགས་རུང་ཁ་མི་བྲལ་ཞེས་པ། འབྲི་ཆུའི་དབྱངས་རྟ་ཞེས་པ་སོགས་བརྒྱུད་དེ་ཀྲུང་ཧྭ་བུ་ཕྲུག་གི་ཤ་ཁྲག་འབྲེལ་བ་དང་དམངས་སེམས་གཅིག་ཏུ་སྒྲིལ་བའི་སྟོབས་ཤུགས་ཆེན་པོ་མཚོན་པར་བྱས་ཡོད། ཕུལ་བྱུང་གི་གླུ་དབྱངས་རེ་རེ་དང་ངོ་མཚར་ཆེ་བའི་འཁྲབ་སྟོན་རེ་རེས་མི་རྣམས་ཀྱི་སྤྲིན་འཁྲིག་རླུང་ཡན་འཚུབ་པ་དང་གནམ་ས་བླ་འོག་འགྱུར་བ་ལྟ་བུའི་གོང་འཕེལ་གྱི་ངོ་མཚར་ལ་སླར་ཡང་ཕྱིར་དྲན་ཞུས་ཡོད་པ་རེད།

  ལེའུ་བཞི་པ། ཀྲུང་ཧྭ་ཡི་བུ་ཕྲུག འབད་ཐབས་གྱིས་ཤིག་ཅེས་པས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པའི་བརྗིད་ཆེ་བའི་ལྗོངས་རིས་མཚོན་པར་བྱས་ཡོད་པ་རེད། མི་དམངས་ལ་གུས་བཏུད་ཞུ་ཞེས་པ་གྱེར་ནས་མི་དམངས་ཀྱི་གནམ་སྒྱུར་ས་བརྗེ་བྱས་པའི་རླབས་ཆེའི་སྟོབས་ཤུགས་ལ་བསྔགས་བརྗོད་བྱས་པ་དང་། གླུ་དབྱངས་འོད་མདངས་འཕྲོ་བའི་ཀྲུང་ཧྭ་ཞེས་པའི་ཐོག་ནས་ཀྲུང་ཧྭ་བུ་ཕྲུག་གིས་མེས་རྒྱལ་དུས་བདེ་ཞི་འཇགས་དང་དར་རྒྱས་ཕུན་ཚོགས་ཡོང་རྒྱུར་སྨོན་འདུན་ཞུ་བའི་བརྩེ་དུང་ཟབ་མོ་མཚོན་པར་བྱས་ཡོད། གཅིག་ཀྱང་ལུས་མི་ཉན་ཞེས་པས་དབུལ་སྒྲོལ་འགག་གཏོར་གྱི་ངོ་མཚར་ཟིན་ཐོར་བཀོད་པ། ཞི་བདེ་སྟེ། ལས་དབང་གཅིག་མཐུན་མ་ལག་ཅེས་པས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་སོ་སྲུང་རོགས་རེས་བྱེད་པར་རེ་འབོད་བྱས་ཡོད། ཐོག་མའི་བསམ་འདུན་མི་བརྗེད་པ་ཞེས་པ་དང་བསྐྱར་དར་གྱི་སྟོབས་ཤུགས་ཞེས་པས་བརྩེ་བ་ཟབ་པའི་འགྱུར་ཁུག་དང་མི་སེམས་འགུལ་བའི་གཞས་ཚིག་ཐོག་ནས་རི་ཀླུང་ཀུན་གྱི་ཡོང་སའི་ལམ་བུ་བརྗེད་མི་སྲིད་ཅེས་པའི་བརྗིད་ཉམས་ལྡན་པའི་ཁས་ལེན་ལ་གླུ་དབྱངས་ཕུལ་བ་དང་མི་མང་གཅིག་སེམས་གཅིག་སྒྲིལ་གྱིས་མདུན་ཕྱོགས་སུ་བསྐྱོད་པ་ཞེས་པའི་ཕུགས་འདུན་ཆེ་ཞིང་སྤོབས་ཉམས་རྒྱས་པར་གླུ་དབྱངས་ཕུལ་ཡོད།

  ཀྲུང་ཧྭ་ཡི་བུ་ཕྲུག འབད་ཐབས་གྱིས་ཤིག དུས་རབས་གསར་པའི་གོམ་སྟབས་འགོག་ཐབས་བྲལ། ཀྲུང་ཧྭ་ཡི་བུ་ཕྲུག འབད་ཐབས་གྱིས་ཤིག དུས་རབས་གསར་པའི་མདུན་ལམ་འོད་སྟོང་འབར་ནས་ཡོད་ཅེས་པའི་མཚན་ཚོགས་ཀྱི་གླུ་གར་ཆེ་གྲས་ཀྲུང་ཧྭ་ཡི་བུ་ཕྲུག འབད་ཐབས་གྱིས་ཤོག་ཅེས་པའི་ཁྲོད་མཇུག་སྒྲིལ་ཡོད། ཚོགས་ཁང་ཆེན་མོའི་ཚོམས་ཆེན་ནང་གི་འོད་མདངས་འཚེར་བའི་གློག་འོད་ཁྲོད། གླུ་སྒྲ་དང་ཐལ་མོའི་རྡེབ་སྒྲའི་ཁྲོད་དུ་དགའ་སྤྲོའི་མཚོ་མོ་འཁྱིལ་ཞིང་སྤྲོ་སྣང་གི་རྦ་རླབས་འཕྱུར་ཡོད་པ་རེད།

  ཚོགས་ར་ཡོངས་སུ་ཡར་ལངས་ནས་མཉམ་དུ་མེས་རྒྱལ་ལ་བསྟོད་གླུ་ལེན་ཞེས་པ་བླངས་ཡོད་པ་རེད། ཞི་ཅིན་ཕིན་སོགས་གར་སྟེགས་ཀྱི་ཐོག་ཏུ་ཕེབས་ནས་མཚན་ཚོགས་ཀྱི་འཁྲབ་སྟོན་པ་རེ་རེ་དང་ཕྱག་བཏང་གནང་བ་དང་། འཁྲབ་སྟོན་བདེ་བླག་བྱུང་བར་བཀྲ་ཤིས་བདེ་ལེགས་ཞུས་པ་མ་ཟད་ཚང་མ་དང་ལྷན་དུ་དྲན་རྟེན་སྐུ་པར་སྐྱོན་གནང་བས། ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབས་སྒྲ་ཡུན་རིང་གྲགས་ཡོད་པ་རེད། པེ་ཅིན་དུ་ཡོད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། རྒྱལ་དོན་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འགོ་འཛིན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་འགོ་འཛིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། དེ་བཞིན་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་སོགས་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣའི་འཐུས་མིས་མཚན་ཚོགས་ལ་གཟིགས་གནང་ཡོད་པ་རེད།

 

 ཞུ་དག མིག་དམར་རྒྱལ་པོ།

  ཡིག་སྒྱུར། ཟླ་བ་ཚེ་རིང་། རིན་ཆེན་དབང་འདུས།

中央广播电视总台 央广网 版权所有