ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཝང་ཆི་ཧྲན་ཀྲུང་གོར་བཅའ་སྡོད་ཧྥ་རན་སིའི་གཞུང་ཚབ་ཆེན་མོ་ཁང་དུ་ཕེབས་ནས་ཞི་ལ་ཁེ་སྐུ་འདས་པར་མྱ་ངན་ཞུས་པ།

2019-09-29 10:17:58     责编:nake

  ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་28ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་ཀྲུང་གོར་བཅའ་སྡོད་ཧྥ་རན་སིའི་གཞུང་ཚབ་ཆེན་མོ་ཁང་དུ་ཕེབས་ནས། ཧྥ་རན་སིའི་དེ་སྔའི་ཙུང་ཐུང་ཡ་ཁེ་ ཞི་ལ་ཁེ་སྐུ་འདས་པར་མྱ་ངན་ཞུས་ཡོད་པ་རེད། ཝང་ཆི་ཧྲན་གྱིས་ཞི་ལ་ཁེའི་སྐུ་འདྲའི་མདུན་དུ་སྒམ་ནན་ངང་བཞེངས་ནས་ངག་བསྡམས་མྱ་ངན་ཞུས་ཡོད་པ་མ་ཟད། མྱ་ངན་ཞུ་ཡིག་འབྲི་དེབ་ཐོག ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱིས་ཞི་ལ་ཁེ་སྐུ་འདས་པར་སྐྱོ་གདུང་ཆེན་པོས་མྱ་ངན་ཞུ་རྒྱུ་དང་། ཧྥ་རན་སིའི་སྲིད་གཞུང་དང་མི་དམངས། དེ་བཞིན་ཞི་ལ་ཁེའི་གཉེན་ཉེར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན་ཞེས་བྲིས་གནང་ཡོད། ཝང་ཆི་ཧྲན་གྱིས། ཙུང་ཐུང་ཞི་ལ་ཁེ་ནི་ཧྥ་རན་སིའི་ཕུལ་དུ་བྱུང་བའི་ཆབ་སྲིད་མཁས་པ་དང་འགོ་ཁྲིད་པ་ཡིན་པ་དང་། ཀྲུང་གོ་དང་ཧྥ་རན་སི་དང་ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བ་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་དང་། ཤར་ནུབ་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད། ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོབ་བཅས་བྱ་རྒྱུའི་ཐད་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད། ཙུང་ཐུང་ཞི་ལ་ཁེ་ནི་ཀྲུང་གོ་མི་དམངས་ཀྱི་གྲོགས་པོ་རྙིང་པ་ཡིན་པ་དང་། ཀྲུང་གོ་དང་ཧྥ་རན་སིའི་འབྲེལ་བའི་མཚོན་དར་ལྟ་བུ་ཡིན་ཞིང་། ཀྲུང་གོ་མི་དམངས་ཀྱིས་ཙུང་ཐུང་ཞི་ལ་ཁེའི་ལོ་རྒྱུས་ཀྱི་མཛད་རྗེས་ནམ་ཡང་བརྗེད་མི་སྲིད། དེ་རིང་། ཀྲུང་གོ་དང་ཧྥ་རན་སིའི་འབྲེལ་བའི་འཐབ་ཇུས་རང་བཞིན་སྔར་བས་མངོན་གསལ་དོད་པ་དང་། ནང་དོན་དེ་བས་ཕུན་སུམ་ཚོགས་པོ་ཡོད། ཀྲུང་གོའི་ཕྱོགས་ནས་ཧྥ་རན་སི་དང་མཉམ་དུ་མུ་མཐུད་མཉམ་དུ་འབད་བརྩོན་བྱས་ཏེ། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་མ་ཁེ་ལུང་རྣམ་གཉིས་བར་བྱུང་བའི་གལ་ཆེའི་ཐུན་མོང་ངོས་འཛིན་དོན་འཁྱོལ་བྱ་རྒྱུ་དང་། ཀྲུང་གོ་དང་ཧྥ་རན་སིའི་ཁྱོན་ཡོངས་འཐབ་ཇུས་རོགས་པའི་འབྲེལ་བ་ཟམ་མི་ཆད་པར་མདུན་ཕྱོགས་སུ་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་ཡོད་པ་རེད།

  ཡིག་སྒྱུར། སྐལ་བཟང་བདེ་སྐྱིད།

中央广播电视总台 央广网 版权所有