ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

རྒྱལ་ཡོངས་སྲིད་གྲོས་གཞུང་ལས་ཐིང་སོགས་ཀྱིས་མཉམ་འབྲེལ་ཐོག་རྒྱལ་སྟོན་སྣེ་ལེན་ཚོགས་འདུ་སྐོང་འཚོགས་བྱས་པ་དང་། ཝང་ཡང་གིས་ཤིས་ཚིག་གསུངས་པ།

2019-09-29 10:03:40     责编:nake

  ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། སྤྱི་ཚེས་༢༨ཉིན། རྒྱལ་ཡོངས་སྲིད་གྲོས་གཞུང་ལས་ཐིང་དང་། ཀྲུང་གུང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ། རྒྱལ་སྲིད་སྤྱི་ཁྱབ་ཁང་ཕྱིར་སྡོད་རང་མིའི་གཞུང་ལས་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ཀང་ཨའོ་བྱ་དོན་གཞུང་ལས་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ཐེ་ཝན་བྱ་དོན་གཞུང་ལས་ཁང་། ཀྲུང་གོའི་རྒྱལ་ནང་དུ་ལོག་པའི་ཕྱིར་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་མི་དམངས་ཚོགས་ཁང་ཆེན་མོར་མཉམ་འབྲེལ་ཐོག་རྒྱལ་སྟོན་ལ་སྣེ་ལེན་ཞུ་བའི་ཚོགས་འདུ་སྐོང་འཚོགས་བྱས་ཡོད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཡང་གྲོས་ཚོགས་ལ་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་ཡོད། ཝང་ཡང་གིས། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་༧༠སོང་རིང་། ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་གནང་ནས། དཀའ་ཉེན་སྣ་ཚོགས་ལས་རྒྱལ་ཁ་ཐོབ་པ་དང་། ཀུན་གྱིས་མཐོང་ཆོས་སུ་གྱུར་བའི་ཀྲུང་གོའི་ངོ་མཚར་བཏོད་པ། ཡར་ཐོན་ལྷུར་ལེན་གྱི་བརྗིད་ཆེའི་ལེའུ་བཏོད་ཡོད། ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་སྐུལ་འདེད་བཏང་བར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ་དང་། ཀྲུང་གོའི་མི་དམངས་ལ་སྔར་ན་བྱུང་མྱོང་མེད་པའི་འགྲོ་ལམ་བློ་སྤོབས་དང་། རིག་གཞུང་བློ་སྤོབས། ལམ་ལུགས་བློ་སྤོབས། རིག་གནས་བློ་སྤོབས་བཅས་དབང་བར་གྱུར་བ། ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་ལ་སྔར་ན་བྱུང་མྱོང་མེད་པའི་འོད་ཟེར་ལྡན་པའི་མདུན་ལྗོངས་མངོན་ཡོད། ལོ་ངོ་༧༠རིང་། རྒྱ་ཆེའི་ཤང་ཀང་དང་། ཨའོ་མན། ཐེ་ཝན་བཅས་ཀྱི་སྤུན་ཟླ་དང་ཕྱིར་སྡོད་སྤུན་ཟླས་ མེས་རྒྱལ་དབར་སྔ་བར་ཕྱི་གསུམ་དུ་དབུགས་ལམ་གཅིག་གྱུར་དང་ལས་དབང་གཅིག་མཐུན་བྱས་ནས་བསུབ་ཐབས་མེད་པའི་ལེགས་སྐྱེས་ཕུལ་ཡོད། ང་ཚོར་ཐོབ་པའི་གྲུབ་འབྲས་དག་ཀྲུང་ཧྭའི་བུ་ཕྲུག་ཚང་མས་བཏོད་པ་ཞིག་ཡིན་པ་དང་། དེའི་གཟི་བརྗིད་ཀྱང་རྒྱལ་ཁབ་ཕྱི་ནང་གི་སྤུན་ཟླ་ཚང་མར་དབང་ཡོད་ཅེས་བསྟན་གནང་ཡོད།

  ཝང་ཡང་གིས། ལོ་རྒྱུས་ནི་དགེ་རྒན་ཡག་ཤོས་དེ་ཡིན། ཀྲུང་གོ་གསར་པའི་ལོ་ངོ་༧༠སྤྱིར་བཏང་མིན་པའི་ལོ་ཟླས་ང་ཚོར། རྒྱལ་ཁའི་ཕྱོགས་སུ་བསྐྱོད་པའི་ལམ་བུར་རྦད་དེ་བྱ་བ་ལམ་ལྷོངས་ཡོང་མི་སྲིད། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་ཡང་ལས་སླ་པོར་མངོན་འགྱུར་ཐུབ་པ་ཞིག་མིན། འོན་ཀྱང་ཀྲུང་གོ་གུང་ཁྲན་ཏང་གི་སྟོབས་ཆེའི་འགོ་ཁྲིད་དང་ཀྲུང་ཧྭ་བུ་ཕྲུག་ཚང་མས་ཐུན་མོང་འབད་བརྩོན་བྱས་ན། སྟོབས་ཤུགས་གང་འདྲ་ཞིག་གིས་ཀྱང་ང་ཚོའི་མདུན་སྐྱོད་ཀྱི་གོམ་སྟབས་འགོག་མི་ཐུབ་ཅེས་ནན་སྟོན་གནང་ཡོད།

  ཝང་ཡང་གིས། ཤང་ཀང་དང་། ཨའོ་མན་མེས་རྒྱལ་གྱི་པང་དུ་ལོག་རྗེས། དེ་སྔའི་སྤྱི་ཚོགས་ལམ་ལུགས་ལ་བརྩི་བཀུར་གང་ལེགས་ཞུས་ཐོག ཀང་ཨའོ་སྤུན་ཟླས་རང་ཁྱིམ་རང་བདག་བྱེད་པ་དང་། ཁྲིམས་ལྟར་སྔར་ན་བྱུང་མྱོང་མེད་པའི་དམངས་གཙོའི་དབང་ཆ་དང་རང་དབང་རྒྱ་ཁྱབ་ངང་ཐོབ་པ་མ་ཟད། གོང་འཕེལ་གྱི་གོ་སྐབས་དེ་བས་མང་བ་དང་གོང་འཕེལ་གྱི་བར་ཁམས་དེ་བས་ཆེ་བ་ཐོབ་ཡོད། ང་ཚོས་བློ་བརྟན་འགྱུར་མེད་ངང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་མཛད་ཕྱོགས་ལག་ལེན་བསྟར་བ་དང་། རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་ལ་དམ་པོར་གཞིགས་ནས་བྱ་དོན་སྒྲུབ་པ། སྲིད་འཛིན་དཔོན་དང་དམིགས་བསལ་ཁུལ་སྲིད་གཞུང་གིས་ཁྲིམས་ལྟར་སྲིད་འཛིན་བྱེད་པར་རྒྱབ་སྐྱོར་ཞུ་བ། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། གོང་འཕེལ་དམིགས་འབེན་བཅས་ལ་སྲུང་སྐྱོང་། ཤང་ཀང་དང་ཨའོ་མན་ཡུན་རིང་དར་རྒྱས་བརྟན་ལྷིང་ལ་སྲུང་སྐྱོང་བཅས་བྱས་ཡོད། རླབས་ཆེའི་མེས་རྒྱལ་ནི་ནམ་ཡང་ཤང་ཀང་དང་ཨའོ་མན་གྱི་སྟོབས་ཆེའི་རྒྱབ་རྟེན་ཡིན་ཞེས་ནན་གསུངས་གནང་བ་དང་། ཝང་ཡང་གིས། མེས་རྒྱལ་ངེས་པར་དུ་གཅིག་གྱུར་ཡོང་བ་བྱེད་དགོས་ལ། གཅིག་གྱུར་ཡོང་ངེས་ཀྱང་ཡིན། གོ་གཉིས་ལོའི་ཐུན་མོང་ངོས་འཛིན་རྒྱུན་འཁྱོངས་དང་། ཐེ་ཝན་རང་བཙན་ལ་ངོ་རྒོལ་བྱེད་པའི་ཐུན་མོང་གི་ཆབ་སྲིད་རྨང་གཞིའི་ཐོག ང་ཚོས་ཐེ་ཝན་ཏང་ཤོག་ཁག་གི་ཚོགས་པ་དང་། ལས་རིགས་ཁག་གི་མི་སྣའི་དབར་རྒྱ་ཆེ་ཞིང་གཏིང་ཟབ་པའི་སྐད་ཆ་ཤོད་རེས་དང་གྲོས་མོལ་བྱེད་པ་དང་། མཐུན་པ་གཅིག་སྡུད་དང་མི་མཐུན་པ་སེལ་བ། ཐུན་མོང་ངོས་འཛིན་གསོག་འཇོག་བཅས་བྱེད་འདོད་ཡོད། ང་ཚོས་མུ་མཐུད་མི་དམངས་ཀྱིས་ལྟེ་བ་བྱེད་པའི་གོང་འཕེལ་བསམ་བློ་ལག་ལེན་བསྟར་རྒྱུ་དང་། ཐེ་ཝན་སྤུན་ཟླར་སྐམ་ས་ཆེན་པོའི་གོང་འཕེལ་གོམས་སྐབས་སྔོན་ལ་མཉམ་སྤྱོད་བྱེད་པ། མཚོ་འགག་གཡས་གཡོན་གཉིས་པོའི་གཞི་རིམ་མང་ཚོགས་དང་ལྷག་པར་དུ་གཞོན་ནུ་གྲོགས་པོ་ཚོའི་དབར་གྱི་སྤེལ་རེས་དང་འགྲོ་འོང་གཏིང་ཟབ་ཏུ་གཏོང་བ། སྤུན་ཟླ་ཚོའི་བདེ་སྐྱིད་སྔར་བས་ཆེ་རུ་གཏོང་བ་བཅས་བྱ་རྒྱུ་ཡིན་ཞེས་ནན་གསུངས་གནང་བ་དང་། ཝང་ཡང་གིས། རྒྱ་ཆེའི་ཕྱིར་སྡོད་རང་མི་ནི་ཀྲུང་གོའི་གོང་འཕེལ་དང་མི་རིགས་བསྐྱར་དར་ཁྲོད་མེད་ཐབས་མེད་པའི་སྟོབས་ཤུགས་ཡིན། ང་ཚོས་ཏང་གི་ཕྱིར་སྡོད་རང་མིའི་ལས་དོན་སྲིད་ཇུས་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ནས། ཕྱིར་སྡོད་རང་མི་དང་རྒྱལ་ནང་དུ་ལོག་པའི་རང་མིའི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་དང་། ཕྱིར་སྡོད་རང་མིའི་ཞབས་ཞུའི་ལས་དོན་ལེགས་པོ་སྒྲུབ་པ་བཅས་བྱས་ནས། རྒྱ་ཆེའི་ཕྱིར་སྡོད་རང་མི་ཚོས་ནུས་པ་སྔར་བས་ལྷག་པ་འདོན་སྤེལ་ཐུབ་པ་བྱེད་དགོས་ཞེས་ནན་གསུངས་གནང་ཡོད།

  སྣེ་ལེན་ཚོགས་འདུ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཀྱི་ཨུ་ཡོན། ཀྲུང་དབྱང་གི་ཕྱི་ཕྱོགས་བྱ་དོན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་ཀྲུའུ་རིན་ཡང་ཅེ་གྲེས་གཙོ་སྐྱོང་གནང་ཡོད།

  པེ་ཅིན་དུ་ཡོད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས་བཅས་འགོ་ཁྲིད་བློ་མཐུན་ཁག་ཅིག་དང་། ཤང་ཀང་དང་། ཨའོ་མན། ཐའེ་ཝན། ཕྱིར་ཁོངས་རང་མི་བཅས་ཀྱི་ལས་རིགས་ཁག་གི་འཐུས་མི་༣༨༠༠ལྷག་སྣེ་ལེན་ཚོགས་འདུར་ཞུགས་ཡོད་པ་རེད།

  ཡིག་སྒྱུར། རིན་ཆེན་དབང་འདུས།

中央广播电视总台 央广网 版权所有