ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་གཙོ་སྐྱོང་གནང་བ།

2019-09-27 17:34:00     来源:     责编:sangjzm

སྤྱི་ཚེས་ཉི་ཤུ་དྲུག་ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་གཙོ་སྐྱོང་གནང་བ་དང་། ཁྲོམ་རའི་རིན་གོང་ལ་ལྟ་ཞིབ་དང་། སྔོན་དཔག ཉེན་བརྡ་གཏོང་བ་བཅས་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། ཟོག་གོང་སྤྱིའི་ཆ་ནས་བརྟན་པོ་ཡོང་རྒྱུ་རྒྱུན་འཁྱོངས་ཀྱིས། གཞི་རྩའི་དམངས་འཚོར་འགན་སྲུང་བྱེད་དགོས། རྡོ་སོལ་གློག་འདོན་དང་དྲ་འཇུག་གློག་རིན་གི་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་བ་དང་། གློག་ཤུགས་ཁྲོམ་ར་ཅན་གྱི་ཉོ་ཚོང་ལ་སྐུལ་འདེད་བཏང་ནས། ཁེ་ལས་ཀྱི་གློག་སྤྱོད་མ་གནས་དམའ་རུ་གཏོང་དགོས། ཁག་བརྒྱད་པའི་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་སྡེ་ཚན་ཞིབ་དཔྱད་གཏན་འཁེལ་བྱེད་པ་བཅས་ལ་བཀོད་སྒྲིག་གནང་ཡོད།

གྲོས་ཚོགས་ཐོག ཟོག་གོང་བརྟན་པོ་ཡོང་བ་བྱ་རྒྱུ་དེ་ནི་ཁྱིམ་ཚང་ཁྲི་སྟོང་མང་པོའི་ཐད་ཀའི་ཁེ་ཕན་དང་འབྲེལ་བ་ཡོད་པ་ཞིག་དང་། དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་གནས་བབ་ཆེན་མོ་དང་འབྲེལ་བ་ཡོད་པ་ཞིག་རེད། ལོ་དེ་ཤར་ཚུན་རང་རྒྱལ་གྱི་ཟོག་གོང་སྤྱིའི་ཆ་ནས་བརྟན་པོ་བྱུང་ཡོད། འོན་ཀྱང་ཕག་ཤ་སོགས་ཟ་རིགས་ཁག་ཅིག་གི་རིན་གོང་འཕར་ཚད་ཅུང་ཆེ་བ་ཡོད། དུས་མཚུངས་ཉེ་བའི་ཟླ་བ་གཉིས་རིང་བཟོ་ལས་ཐོན་སྐྱེད་མཁན་གྱི་བཟོ་གྲྭ་ནས་ཐོན་པའི་རིན་གོང་སྟོན་སྟངས་བསྟུད་མར་ཆགས་ཡོད། མིག་སྔའི་གནས་བབ་ལ་གཞིགས་ནས་ཁྲོམ་རའི་བྱ་ཐབས་སྤྱོད་རྒྱུར་དེ་བས་སྣང་ཆེན་བྱེད་དགོས་པ་དང་། ཟ་རིགས་ཁག་ཅིག་གི་རིན་གོང་ཤུགས་ཆེན་འཕར་རྒྱུ་གཏན་འགོག་བྱེད་པ། བཟོ་ལས་ཐོན་སྐྱེད་མཁན་གྱི་བཟོ་གྲྭ་ནས་ཐོན་པའི་རིན་གོང་སྤྱིའི་ཆ་ནས་བརྟན་པོ་ཡོང་བ་བྱེད་པ་བཅས་བྱས་ནས་ལོ་ཧྲིལ་པོའི་ཟོག་གོང་ཆུ་ཚད་ལུགས་མཐུན་ཁྱབ་ཁོངས་སུ་གནས་ཐུབ་པ་བྱེད་དགོས། གཅིག་ནས་ངེས་པར་དུ་ཟ་རིགས་ཐད་ཀྱི་གྲོང་སྤྱིའི་འགན་འཁྲིའི་ལམ་ལུགས་ལག་ལེན་ནན་པོ་བསྟར་ཏེ་ཕག་པ་བཙའ་བའི་ཐོན་ནུས་གང་མགྱོགས་སླར་གསོ་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། ནང་འདྲེན་དང་གྲབས་གསོག་སྙོམ་སྒྲིག་བྱེད་པའི་ལས་དོན་ཡག་པོ་བསྒྲུབ་པ། གླང་ཤ་དང་ལུག་ཤ། བྱ་ཤ་སོགས་ཀྱི་མཁོ་སྤྲོད་མང་དུ་གཏོང་བ་བཅས་བྱས་ནས་དུས་ཆེན་སོགས་འགག་རྩའི་དུས་མཚམས་ཀྱི་ཟ་རིགས་མཁོ་སྤྲོད་དང་རིན་གོང་བརྟན་པོ་ཡོང་རྒྱུར་འགན་སྲུང་བྱེད་དགོས། གཉིས་ནས་རྒྱལ་སྤྱིའི་ཁྲོམ་རའི་ཚོང་ཟོག་ཆེ་གྲས་ཀྱི་རིན་གོང་འགྱུར་ལྡོག་ལ་དབྱེ་ཞིབ་བྱས་ནས་དུས་ཐོག་ཏུ་ཉེན་བརྡ་བཏང་ཏེ་ཁ་གཏད་གཅོག་དགོས། དགུན་དུས་ཀྱི་རང་བྱུང་རླངས་སོགས་ཀྱི་མཁོ་སྤྲོད་དང་རིན་གོང་བརྟན་པོ་ཡོང་བའི་ལས་དོན་ཡག་པོ་བསྒྲུབ་དགོས། ནུས་ལྡན་མ་འཇོག་རྒྱ་བསྐྱེད་བྱས་ནས་འབྲེལ་ཡོད་ཐོན་ལས་ཀྱིས་ཐོན་སྐྱེད་ཁེ་གཉེར་དང་ལས་ཞུགས་བརྟན་པོ་ཐུབ་རྒྱུར་སྣེ་ཁྲིད་བྱེད་དགོས། གསུམ་ནས་ཁྲོམ་རའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱབ་ནས་རིན་གོང་ཚད་མེད་སྤོར་བའི་ཁྲིམས་འགལ་བྱ་སྤྱོད་ཞིབ་བཤེར་ཐག་གཅོད་བྱེད་དགོས། བཞི་ནས་དཀའ་ངལ་ཡོད་པའི་མང་ཚོགས་དང་གཙོ་གནད་མི་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་སྲུང་བྱེད་དགོས། ས་གནས་ཁག་གིས་སྤྱི་ཚོགས་རོགས་སྐྱོབ་དང་འགན་སྲུང་ཚད་གཞིར་གཞིགས་ནས་ཟོག་གོང་འཕར་བ་དང་འབྲེལ་བ་བཟོས་ཏེ་མཉམ་འགུལ་སྒྲིག་གཞི་འཛུགས་དགོས་པ་དང་། དུས་ཐོག་ཏུ་སྐབས་འཕྲལ་ཁ་གསབ་འདང་ངེས་བཞིན་སྤྲོད་དགོས། སློབ་ཆེན་དང་འབྲིང་རིམ་ཆེད་ལས་སློབ་གྲྭ སློབ་གྲྭ་འབྲིང་ཆུང་སོགས་ཀྱི་ཟ་ཁང་ལ་ཤ་མཁོ་སྤྲོད་བྱེད་པའི་ལས་དོན་ཡག་པོ་བསྒྲུབ་དགོས་པ་བཅས་བྱེད་དགོས་ཞེས་བསྟན་ཡོད།

ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གློག་ཤུགས་སྒྲིག་གཞི་བསྒྱུར་བཅོས་ཀྱི་བཀོད་སྒྲིག་ལག་ལེན་གཏིང་ཟབ་བསྟར་ཆེད། བསྒྱུར་བཅོས་བྱ་ཐབས་ཐོག་ནས་ཁྲོམ་ར་ཅན་གྱི་གློག་རིན་སྒྲིག་གཞི་གྲུབ་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད། གྲོས་ཚོགས་ཐོག མིག་སྔའི་རྡོ་སོལ་གློག་འདོན་ཁྲོམ་ར་ཅན་གྱིས་ཉོ་ཚོང་བྱས་པའི་གློག་གྲངས་བརྒྱ་ཆ་ལྔ་བཅུ་ཟིན་པ་དང་། གློག་རིན་དྲ་འཇུག་གློག་རིན་ལས་མངོན་གསལ་གྱིས་དམའ་བ་ཡོད་པའི་གོ་སྐབས་དམ་འཛིན་གྱིས་ཁྲོམ་ར་ཅན་གྱི་ཐོག་ནས་ཉོ་ཚོང་བྱེད་མ་ཐུབ་པའི་གློག་གྲངས་རྣམས་སང་ལོའི་ཟླ་བ་༡པོའི་ཚེས་གཅིག་ཉིན་ནས་བཟུང་རྡོ་སོལ་གློག་རིན་གྱི་མཉམ་འགུལ་སྒྲིག་གཞི་མེད་པ་བཟོ་རྒྱུ་དང་། ཚད་ལྡན་དྲ་འཇུག་གློག་རིན་སྒྲིག་གཞི་དེ་ཉིད་གཞི་འཛིན་རིན་གོང་ཐོག་གོང་འོག་འཕར་ཆག་སྣོན་པའི་ཁྲོམ་ར་ཅན་གྱི་སྒྲིག་གཞིར་འགྱུར་དགོས། ཞིབ་ཕྲའི་གློག་རིན་མཁོ་སྤྲོད་བྱེད་མཁན་དང་དགོས་མཁོ་ཡོད་མཁན་ཕྱོགས་གཉིས་པོས་གྲོས་མོལ་བྱས་ནས་གཏན་འཁེལ་བྱེད་དགོས། འོན་ཀྱང་སང་ལོ་སྤོར་རྒྱུ་མིན་པ་རེད། ལྷག་པར་དུ་སྤྱིར་བཏང་བཟོ་ཚོང་ལས་རིགས་ཀྱི་གློག་རིན་མར་གཅོག་པ་ལས་ཡར་སྤོ་རྒྱུ་མིན་པར་འགན་སྲུང་བྱེད་དགོས་ཀྱི་ཡོད། གྲོང་མི་དང་ཞིང་ལས་སོགས་དམངས་འཚོའི་ཐད་ཀྱི་གློག་སྤྱོད་ལ་མུ་མཐུད་དེ་མིག་སྔའི་གློག་རིན་ལག་ལེན་བསྟར་རྒྱུ་ཡིན་པ་རེད།

གྲོས་ཚོགས་ཐོག་ཁག་བརྒྱད་པའི་རྒྱལ་ཡོངས་གཙོ་གནད་རིག་དངོས་སྲུང་སྐྱོབ་སྡེ་ཚན་བདུན་བརྒྱ་དྲུག་ཅུ་རེ་གཉིས་ཞིབ་དཔྱད་གཏན་འཁེལ་བྱས་པ་དང་། དེའི་ནང་གནའ་ཤུལ་དང་། གནའ་བོའི་འཛུགས་སྐྲུན། ཉེ་རབས་དང་དེང་རབས་ཀྱི་ལོ་རྒྱུས་རྗེས་ཤུལ་དང་འཐུས་ཚབ་རང་བཞིན་གྱི་འཛུགས་སྐྲུན་སོགས་ཚུད་ཡོད། གྲོས་ཚོགས་ཐོག་ཀྲུང་ཧྭ་མི་རིགས་ཀྱི་རྩ་ཆེའི་ལོ་རྒྱུས་གནའ་ཤུལ་སོགས་ལ་སྲུང་སྐྱོབ་ནུས་ལྡན་དང་། དོ་དམ་དང་བེད་སྤྱོད་ལུགས་མཐུན་བཅས་བྱས་ནས་ཀྲུང་ཧྭའི་ཤེས་དཔལ་ཇི་སྲིད་བར་དུ་གནས་པར་བྱེད་དགོས་པའི་བླང་བྱ་སྟོན་ཡོད།

གྲོས་ཚོགས་ཐོག་ད་དུང་དེ་མིན་གྱི་དོན་དག་ཐད་ཞིབ་འཇུག་གནང་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བྱམས་པ་ཚེ་རིང་།

中央广播电视总台 央广网 版权所有