ལྷོ་ཁོ་རེ་ཡའི་ཙུང་ཐུང་གིས་ཉིན་དྲུག་ནང་རྒྱལ་ཁབ་གསུམ་ལ་འཚམས་འདྲི་གནང་བ་དང་། ཨ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱིས་ལྗར་པན་དང་ལྷོ་ཁོ་རེ་ཡའི་འབྲེལ་བ་ཞི་ལྷོད་དུ་གཏོང་ཐུབ་བམ།
སྤེལ་བའི་དུས་ཚོད། : 2019-09-10 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ལྷོ་ཁོ་རེ་ཡའི་རྒྱལ་སྤྱིའི་རླུང་འཕྲིན་ལས་ཁུངས་ཀྱི་དྲ་ཚིགས་ཐོག་སྤེལ་བའི་གནས་ཚུལ་ལ་གཞིགས་ན། ལྷོ་ཁོ་རེ་ཡའི་ཙུང་ཐུང་ཝུན་ཙའེ་ཡིན་གྱིས་སྤྱི་ཟླ་9པའི་ཚེས་1ཉིན་ནས་ཚེས་6ཉིན་བར་ཐེ་ལན་དང་འབར་མ། ལོ་སི་བཅས་རྒྱལ་ཁབ་གསུམ་ལ་འཚམས་འདྲི་གནང་ཡོད། ཐེངས་འདིའི་རྒྱལ་དོན་འཚམས་འདྲི་གནང་རྗེས། ཝུན་ཙའེ་ཡིན་གྱིས་ཨ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ལ་འཚམས་འདྲི་ཞུ་རྒྱུ་མངོན་འགྱུར་བྱུང་ཡོད། ལྗར་པན་དང་ལྷོ་ཁོ་རེ་ཡའི་ཉོ་ཚོང་འགལ་ཟླ་ཟམ་མི་ཆད་པའི་རྒྱབ་ལྗོངས་འོག ཝུན་ཙའེ་ཡིན་གྱིས་ད་ཐེངས་ཨ་ཤེ་ཡ་ཤར་ལྷོའི་རྒྱལ་ཁབ་གསུམ་ལ་འཚམས་འདྲི་གནང་རྒྱུའི་གདམ་ག་གནང་བར་མི་རྣམས་ནས་དོ་ཁུར་བྱས་ཡོད་པ་རེད།

སྤྱི་ཟླ་9པའི་ཚེས་2ཉིན། ཐེ་ལན་གྱི་ཙུང་ལི་པ་ཡུས་དང་ལྷོ་ཁོ་རེ་ཡའི་ཙུང་ཐུང་ཝུན་ཙའེ་ཡིན་གྱིས་ཙུང་ལིའི་ལས་ཤག་ཏུ་གྲོས་མོལ་གནང་བ་དང་། རྒྱལ་ཁབ་གཉིས་པོས་མཉམ་ལས་ཀྱི་བསམ་ཤེས་བརྗེད་ཐོ་དྲུག་དང་ལྷོ་ཁོ་རེ་ཡ་དང་ཐེ་ལན་གྱི་དམག་དོན་གསང་འཕྲིན་སྲུང་སྐྱོབ་གྲོས་ཆོད་གཅིག་ལ་མིང་རྟགས་བཀོད་ཡོད། རྒྱལ་ཁབ་གཉིས་པོས་ད་དུང་མཉམ་འབྲེལ་ལས་དོན་ཚོགས་ཆུང་གཅིག་བཙུགས་ནས་ལྷོ་ཁོ་རེ་ཡས་ཐེ་ལན་ལ་མ་འཇོག་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུའི་མོས་མཐུན་གནང་ཡོད། ཝུན་ཙའེ་ཡིན་གྱིས། ཐེ་ལན་ནི་ལྷོ་ཁོ་རེ་ཡའི་སྲིད་གཞུང་གིས་སྐུལ་འདེད་ཧུར་ཐག་གཏོང་བཞིན་པའི་ལྷོ་ཕྱོགས་གསར་པའི་སྲིད་ཇུས་ཀྱི་མཉམ་ལས་རོགས་པ་གལ་ཆེ་ཤོས་དེ་ཡིན་ཞེས་བསྟན་ཡོད་པ་རེད།

ལྷོ་ཁོ་རེ་ཡས་དུས་ཡུན་ལོ་བདུན་གྱི་རྗེས་འབར་མར་རྒྱལ་དོན་འཚམས་འདྲི་གནང་ཡོད། ལྷོ་ཁོ་རེ་ཡའི་མཉམ་འབྲེལ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། རྒྱལ་ཁབ་གཉིས་པོས་ལྷོ་ཁོ་རེ་ཡ་དང་འབར་མའི་ཕྱི་ཕྱོགས་དཔལ་འབྱོར་མཉམ་ལས་ཀྱི་ཐེབས་རྩའི་དངུལ་བུན་དང་འབྲེལ་བ་ཡོད་པའི་གཞི་རྩའི་གྲོས་ཆོད་ལ་མིང་རྟགས་བཀོད་ཡོད་པ་དང་། འབར་མའི་ཕྱོགས་ནས་ལྷོ་ཁོ་རེ་ཡའི་བློ་འདྲིའི་སྟེགས་བུ་ཆེད་དུ་བཙུགས་ཏེ་ལྷོ་ཁོ་རེ་ཡའི་ཁེ་ལས་ལ་འབར་མར་འཕྲད་པའི་གནད་དོན་ཐག་གཅོད་བྱ་རྒྱུ་ཡིན་པ་རེད། ཕྱོགས་གཉིས་པོས་ད་དུང་རིམ་པ་མཐོ་བའི་དུས་བཀག་མཉམ་ལས་སྒྲིག་གཞི་སྟེ། ལྷོ་ཁོ་རེ་ཡ་དང་འབར་མའི་ཚོང་འབྲེལ་ཐོན་ལས་མཉམ་ལས་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་འཛུགས་རྒྱུ་ཡིན་པ་རེད།

ཝུན་ཙའེ་ཡིན་གྱིས་སྤྱི་ཟླ་9པའི་ཚེས་3ཉིན་འབར་མའི་རྒྱལ་དོན་བློ་འདྲི་ཡུལ་ཨང་ཧྲན་སུའུ་ཅི་དང་མཇལ་འཛོམས་གནང་སྐབས། རྒྱལ་ཁབ་གཉིས་པོས་ད་དུང་མཚོ་འདྲེན་དང་གྲུ་གཟེངས་བཟོ་གྲྭའི་དེང་རབས་ཅན། མཚོ་ཁུག དེ་བཞིན་ཟོག་འདྲེན་སྒྲིག་ཆས་གསར་སྤེལ་དོ་དམ་བཅས་སྐོར་གྱི་མཉམ་ལས་ཀྱི་བསམ་ཤེས་བརྗེད་ཐོར་མིང་རྟགས་བཀོད་ཡོད་པ་རེད།

ཝུན་ཙའེ་ཡིན་སྤྱི་ཟླ་9པའི་ཚེས་5ཉིན་ལོ་སོའི་ཝན་ཐེན་ལ་འབྱོར་ཡོད་པ་དང་། འདི་ནི་ལྷོ་ཁོ་རེ་ཡའི་ཙུང་ཐུང་གིས་ལོ་སིར་འཚམས་འདྲི་གནང་ཐེངས་དང་པོ་ཡིན་པ་རེད། ཝུན་ཙའེ་ཡིན་གྱིས་ལོ་སིའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་པན་ཡང་དང་མཇལ་འཛོམས་གནང་སྐབས། ལོ་སིར་ཨ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཟོག་འདྲེན་འགག་གནས་ཞེས་པ་དང་། ཨ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་གློག་གསོག་སྣོད་ཆས་ཞེས་པའི་མཚན་སྙན་ཡོད་ཅིང་། གོང་འཕེལ་གྱི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ཡོད། ལྷོ་ཁོ་རེ་ཡས་མེ་ཀུང་ཆུ་བོའི་རྒྱུག་ཁོངས་ཀྱི་རྒྱལ་ཁབ་དང་མཉམ་དུ་དར་རྒྱས་ཡོང་བའི་རེ་བ་བྱེད་ཀྱི་ཡོད་པ་དང་། ཧན་ཅང་གཙང་པོའི་ངོ་མཚར་དེ་མེ་ཀུང་ཆུ་བོའི་ངོ་མཚར་ལ་འགྱུར་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་ཡོད་པ་རེད།

ཐེངས་འདིའི་འཚམས་འདྲི་ནི་ལྗར་པན་གྱིས་ལྷོ་ཁོ་རེ་ཡར་ཉོ་ཚོང་ཚད་བཀག་བྱེད་ཐབས་ལག་བསྟར་བྱས་ཚུན། ཝུན་ཙའེ་ཡིན་གྱི་ཐོག་མའི་འཚམས་འདྲི་ཡང་ཡིན། ལྷོ་ཁོ་རེ་ཡའི་མི་རིགས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཝུན་ཙའེ་ཡིན་གྱི་ད་ཐེངས་ཀྱི་འཚམས་འདྲིར་དོ་ཁུར་ཆེ་ཤོས་ཐོབ་ས་ནི་ཁོང་ལ་ཨ་ཤེ་ཡ་གླིང་གི་རྒྱལ་ཁབ་ཀྱིས་ངལ་ལས་བཙན་ཐབས་སྐོང་བསྡུའི་གྱོད་གཞིའི་ཐད་ལྷོ་ཁོ་རེ་ཡར་རྒྱབ་སྐྱོར་ཐོབ་མིན་དེ་ཡིན། ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་དང་གོ་ལ་ཧྲིལ་པོའི་འཐབ་ཇུས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཏུང་ཤང་རུང་གིས། ལྗར་པན་དང་ལྷོ་ཁོ་རེ་ཡའི་འགལ་ཟླའི་རྒྱབ་ལྗོངས་ཆེན་མོའི་འོག ཝུན་ཙའེ་ཡིན་གྱི་གཏམ་བཤད་ནང་དོན་དེ་ལྗར་པན་གྱིས་གོ་ལ་ཧྲིལ་པོ་ཅན་ལ་ངོ་རྒོལ་དང་ཉོ་ཚོང་སྲུང་སྐྱོབ་རིང་ལུགས། དེ་བཞིན་ཉོ་ཚོང་དང་དཔལ་འབྱོར་ཐོན་ལས་འབྲེལ་མཐུད་ཀྱི་གཅིག་ལ་གཅིག་བརྟེན་ཐད་མཚོན་ཆའི་བྱ་ཐབས་སྤྱད་ནས་ལོ་རྒྱུས་གནད་དོན་ལ་ཁ་གཏད་གཅོག་པའི་བྱ་སྤྱོད་ལ་དམིགས་པ་ཞིག་ཡིན་པ་དང་། ཝུན་ཙའེ་ཡིན་གྱིས་རྒྱལ་ཁབ་གཞན་དག་གི་རྒྱབ་སྐྱོར་བརྩོན་ལེན་བྱ་འདོད་ཡོད་པ་ཡང་ཡིན་ཞེས་གསུངས་ཡོད་པ་རེད།

གཞན་ཡང་ལྷོ་ཁོ་རེ་ཡའི་གླེང་ཕྱོགས་ཀྱིས། ལྷོ་ཁོ་རེ་ཡ་དང་ཨ་ཤེ་ཡ་ཤར་ལྷོའི་རྒྱལ་ཁབ་ཀྱི་དཔལ་འབྱོར་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུ་དང་། ཨ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཁག་གི་འགོ་ཁྲིད་པ་འདི་ལོའི་ལོ་སྨད་དུ་ལྷོ་ཁོ་རེ་ཡར་འཚོགས་རྒྱུའི་ལྷོ་ཁོ་རེ་ཡ་དང་ཨ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དམིགས་བསལ་དབུ་ཚོགས་ལ་གདན་ཞུ་གནང་བ་ཕུད། ལྷོ་ཁོ་རེ་ཡ་དང་ལྗར་པན་གྱི་འགལ་ཟླ་ཇེ་ཟབ་ཏུ་འགྲོ་བའི་རྒྱབ་ལྗོངས་འོག ཝུན་ཙའེ་ཡིན་གྱི་ད་ཐེངས་ཀྱི་གནང་སྟངས་དེར་ད་དུང་ལྷོ་ཕྱོགས་གསར་པའི་སྲིད་ཇུས་ལ་སྐུལ་འདེད་སྔར་ལས་ལྷག་པ་བཏང་ནས། ཉོ་ཚོང་ཕྱོགས་མང་ཅན་མངོན་འགྱུར་ཡོང་རེ་བྱེད་བསམ་པ་ཡང་ཡོད། ལྷོ་ཁོ་རེ་ཡའི་མཉམ་འབྲེལ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་བར་གཞིགས་ན། ལྷོ་ཁོ་རེ་ཡའི་ཆིང་ཝ་ཐེ་དཔལ་འབྱོར་ལས་ཁུངས་ཀྱི་དཔོན་རིགས་ཀྲུའུ་ཧེང་ཀྲེ་ཡིས། ཐེངས་འདིའི་གྲུབ་འབྲས་ཆེ་ཤོས་ནི་རྒྱལ་ཁབ་གསུམ་པོས་ལྷོ་ཁོ་རེ་ཡའི་ཕྱོགས་ནས་བཏོན་པའི་ལྷོ་ཕྱོགས་གསར་པའི་སྲིད་ཇུས་ལ་རྒྱབ་སྐྱོར་བྱ་རྒྱུའི་བསྐྱར་བཤད་བྱས་པ་དེ་ཡིན་ཞེས་བསྟན་ཡོད་པ་རེད།

ལྷོ་ཕྱོགས་གསར་པའི་སྲིད་ཇུས་ནི་ཝེན་ཙའེ་ཡིན་གྱིས་སྲིད་འགན་བཞེས་རྗེས་བཏོན་པའི་ཕྱི་ཕྱོགས་དཔལ་འབྱོར་སྲིད་ཇུས་ཀྱི་གྲས་ཤིག་ཡིན་པ་དང་། དེ་ཡང་མི་དམངས་དང་། དར་རྒྱས། ཞི་བདེ་བཅས་ལ་ཕྱོགས་པའི་འབྱུང་འགྱུར་རོགས་ཟླའི་འབྲེལ་བ་འཛུགས་རྒྱུས་ལྟེ་བ་བྱས་ཏེ། ལྷོ་ཁོ་རེ་ཡ་དང་ཨ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་དང་དེ་བཞིན་རྒྱ་གར་བཅས་ཀྱི་འབྲེལ་བ་གོང་འཕེལ་ཤུགས་ཆེན་གཏོང་ཆེད་ཡིན་པ་རེད།

ཨ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱིས་ལྗར་པན་དང་ལྷོ་ཁོ་རེ་ཡའི་འབྲེལ་བའི་ཁྲོད་ཕྱོགས་གསུམ་པའི་ལངས་ཕྱོགས་འཛིན་པ་དེས། ལྗར་པན་དང་ལྷོ་ཁོ་རེ་ཡའི་འབྲེལ་བའི་གནད་དོན་ཚབས་ཆེ་རུ་འགྲོ་བ་ཐེ་ཚོམ་མི་དགོས་པ་ཞིག་རེད། འོན་ཀྱང་ཝུན་ཙའེ་ཡིན་གྱིས་ཕྱི་འབྲེལ་གྱི་འཁོར་རྒྱུག་བར་ཁམས་བཞག་ནས། ཨ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་གསུམ་ལ་འཚམས་འདྲི་མ་གནང་གོང་། ཝུན་ཙའེ་ཡིན་གྱིས་ཐེ་ལན་གྱི་པང་ཁོག་སྦྲགས་སྲིད་ཚགས་པར་ལས་ཁུངས་ཀྱི་ཡིག་ཐོག་བཅར་འདྲི་དང་ལེན་གནང་ཡོད། ཝུན་ཙའེ་ཡིན་གྱིས་ལྗར་པན་དང་ལྷོ་ཁོ་རེ་ཡའི་འབྲེལ་བའི་ཐད། ལྗར་པན་གྱིས་སྐད་ཆ་ཤོད་རེས་བྱེད་པའི་སྒོ་མོ་འབྱེད་ཚེ་རང་ཉིད་ནས་མཉམ་ལས་བྱ་འདོད་ཡོད་ཅེས་བསྟན་ཡོད། ཝུན་ཙའེ་ཡིན་གྱིས། ལྗར་པན་དང་ལྷོ་ཁོ་རེ་ཡ་གཉིས་ཀྱི་ཁྱིམ་མཚེས་དང་རོགས་ཟླ་ཡིན་པའི་ཨ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱིས་སྟོབས་ཤུགས་གཅིག་སྡུད་བྱས་ཏེ་ལྗར་པན་གྱིས་ཕྱི་འབྲེལ་གྲོས་མོལ་གྱི་ལམ་བུའི་ཐོག་ཞུགས་རྒྱུར་སྐུལ་འདེད་གཏོང་རྒྱུའི་འབོད་སྐུལ་གནང་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། སྐལ་བཟང་བདེ་སྐྱིད།