རྒྱལ་སྤྱིའི་དཔྱད་གཏམ་ཀྲུང་གོའི་ཕྱི་ཕྱོགས་ཉོ་ཚོང་བརྟན་པོའི་ཁྲོད་སྤུས་ལེགས་ཕྱོགས་སུ་གོང་འཕེལ་འགྲོ་བ་དེས་དཔལ་འབྱོར་གྱི་མཉེན་ཤུགས་དང་མི་མངོན་པའི་སྟོབས་ཤུགས་མངོན་ཡོད་ཅེས་པ་སྤེལ་བ།
སྤེལ་བའི་དུས་ཚོད། : 2019-09-10 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ད་ལྟ་རྒྱལ་སྤྱིའི་དཔྱད་གཏམ་འགོ་བརྗོད་དུ་ཀྲུང་གོའི་ཕྱི་ཕྱོགས་ཉོ་ཚོང་བརྟན་པོའི་ཁྲོད་སྤུས་ལེགས་ཕྱོགས་སུ་གོང་འཕེལ་འགྲོ་བ་དེས་དཔལ་འབྱོར་གྱི་མཉེན་ཤུགས་དང་མི་མངོན་པའི་སྟོབས་ཤུགས་མངོན་ཡོད་ཅེས་པ་ཞུ་རྒྱུ་ཡིན།

དཔྱད་གཏམ་ནང་། ཀྲུང་གོའི་འགག་སྒོ་སྤྱི་ཁྱབ་ལས་ཁུངས་ཀྱི་གྲངས་གཞི་ལས་མངོན་པར། ད་ལོའི་མདུན་གྱི་ཟླ་བ་༨ཀྱི་ནང་། ཀྲུང་གོའི་དངོས་ཟོག་ཉོ་ཚོང་ཕྱིར་གཏོང་ནང་འདྲེན་སྤྱི་འབོར་མི་དམངས་ཤོག་སྒོར་དུང་ཕྱུར་ཁྲི་༢༠དང་༡སྟོང་༣བརྒྱ་ཟིན་པ་དང་། དེ་དུས་མཚུངས་ལས་བརྒྱ་ཆ་༣དང་གྲངས་ཆུང་༦འཕར་ཡོད། རྙོག་འཛིང་ཆེ་བའི་དུས་བབ་ཀྱི་འོག་ཀྲུང་གོའི་ཕྱིར་གཏོང་ནང་འདྲེན་ལ་དེ་ལྟ་བུའི་གྲུབ་འབྲས་ཐོབ་པ་ནི་ལས་སླ་པོ་ཞིག་མིན་པ་དང་། དེའི་ཐོག་ནས་ཀྲུང་གོའི་དཔལ་འབྱོར་ཡུན་རིང་ལེགས་པའི་ཕྱོགས་སུ་འཕེལ་བའི་གཞི་རྩའི་གནས་བབ་ལ་འགྱུར་བ་ཕྱིན་མེད་པ་དང་། བརྟན་པོའི་ཁྲོད་སྤུས་ལེགས་ཕྱོགས་སུ་ཟམ་མི་ཆད་པར་གོང་འཕེལ་འགྲོ་བའི་རྣམ་པར་འགྱུར་ལྡོག་ཕྱིན་མེད་པ་དང་། མཉེན་ཤུགས་དང་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ཡང་མངོན་ཡོད་ཅེས་དང་། དཔྱད་གཏམ་ནང་། ཧྲེན་ཀྲེན་སྔོན་ཐོན་དཔེ་སྟོན་ཁུལ་དང་ཧྲང་ཧའེ་རང་མོས་ཉོ་ཚོང་ཁུལ་གྱི་ལིན་ཀང་ཁུལ་གསར་འཛུགས་སྐྲུན་དང་། རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་༦གསར་སྣོན་བྱས་པ། གཞི་ཁྱོན་སྔར་བས་ཆེ་བའི་ཁྲལ་གཅོག་སྲིད་ཇུས་དང་ཉོ་ཚོང་སྟབས་བདེ་ཅན་གྱི་ཆུ་ཚད་གོང་མཐོར་གཏོང་བ་སོགས་བྱ་ཐབས་རབ་དང་རིམ་པ་ལག་བསྟར་བྱས་པས། ཀྲུང་གོ་དེ་ཉིད་ཚོང་ཟོག་དང་གྲུབ་ཆ་འཁོར་རྒྱུག་རྣམ་པའི་སྒོ་དབྱེ་ནས་ཆུ་ཚད་སྔར་བས་མཐོ་བའི་ལམ་ལུགས་རྣམ་པའི་སྒོ་དབྱེའི་ཕྱོགས་སུ་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། དེས་ཀྲུང་གོའི་ཕྱི་ཕྱོགས་ཉོ་ཚོང་གོང་འཕེལ་ལ་སྟོབས་ཆེའི་སྒུལ་ཤུགས་བསྣན་ཡོད། དེ་དང་ཆབས་ཅིག ཀྲུང་གོའི་ཁེ་ལས་ཀྱི་ནང་སྐྱེས་འགུལ་ཤུགས་ཟམ་མི་ཆད་པར་ཤུགས་ཆེར་འགྲོ་བ་དེས། ཕྱི་ཕྱོགས་ཉོ་ཚོང་ལ་གལ་ཆེའི་འདེགས་སྐྱོར་ཐུབ་ཡོད་ཅེས་འཁོད་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། རིན་ཆེན་དབང་འདུས།