ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་ལ་བཀྲ་ཤིས་བདེ་ལེགས་ཞུས་གནང་བ།
སྤེལ་བའི་དུས་ཚོད། : 2019-09-10 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཞི་ཅིན་ཕིང་གིས་བྱང་ཁོ་རེ་ཡའི་རྒྱལ་ཁབ་བཙུགས་ནས་ལོ་ངོ་༧༡འཁོར་བར་བྱང་ཁོ་རེ་ཡའི་ཆེས་མཐོའི་འགོ་ཁྲིད་པ་ཅིན་ཀྲེང་ཨེན་ལ་བཀྲ་ཤིས་བདེ་ལེགས་ཞུ་བའི་གློག་འཕྲིན་བཏང་གནང་བ།

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། སྤྱི་ཟླ་༩པའི་ཚེས་༩ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བྱང་ཁོ་ར་ཡའི་རྒྱལ་ཁབ་བཙུགས་ནས་ལོ་ངོ་༧༡འཁོར་བའི་ཐད་བྱང་ཁོ་རེ་ཡའི་ངལ་རྩོལ་ཏང་གི་ཨུ་ཡོན་ཀྲང་། རྒྱལ་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་ལ་བཀྲ་ཤིས་བདེ་ལེགས་ཞུ་བའི་གློག་འཕྲིན་བཏང་གནང་ཡོད།

ཞི་ཅིན་ཕིང་གིས་བཀྲ་ཤིས་བདེ་ལེགས་ཞུ་བའི་གློག་འཕྲིན་ནང་། ད་རེས་བྱང་ཁོ་རེ་ཡ་དམངས་གཙོ་རིང་ལུགས་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་༧༡འཁོར་བའི་མཚམས་སུ། ང་རང་ནས་ཀྲུང་གོ་གུང་ཁྲན་དང་། ཀྲུང་གོ་སྲིད་གཞུང་། ཀྲུང་གོའི་མི་དམངས་བཅས་ཀྱི་ཚབ་ཞུས་ནས། བློ་མཐུན་ཨུ་ཡོན་ཀྲང་ཁྱེད་ཉིད་དང་དེ་བཞིན་ཁྱེད་ཉིད་བརྒྱུད་ནས། བྱང་ཁོ་རེ་ཡའི་ངལ་རྩོལ་ཏང་དང་། བྱང་ཁོ་རེ་ཡའི་སྲིད་གཞུང་། བྱང་ཁོ་རེ་ཡའི་མི་དམངས་བཅས་ལ་སྤྲོ་སེམས་འཁོལ་བའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་ལྷག་བསམ་དག་པའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད།

ཞི་ཅིན་ཕིང་གིས། བྱང་ཁོ་རེ་ཡ་དམངས་གཙོ་རིང་ལུགས་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་༧༡སོང་རིང་། བྱང་ཁོ་རེ་ཡའི་ངལ་རྩོལ་ཏང་གི་འགོ་ཁྲིད་འོག་བྱང་ཁོ་རེ་ཡའི་མི་དམངས་ཀྱིས། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་བྱ་གཞག་ལ་སྐུལ་འདེད་གཏོང་བའི་ནང་མདུན་ཕྱོགས་སུ་འཕེལ་རྒྱས་ཟམ་མི་ཆད་པ་ཕྱིན་ཡོད། བློ་མཐུན་ཨུ་ཡོན་ཀྲང་གིས་གཙོ་བོ་གནང་བའི་བྱང་ཁོ་རེ་ཡའི་ངལ་རྩོལ་ཏང་གི་འགོ་ཁྲིད་འོག བྱང་ཁོ་རེ་ཡ་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ལ་རླབས་ཆེན་གྱི་གྲུབ་འབྲས་གསར་པ་ཐོབ་རྒྱུར་ང་རང་ལ་ཡིད་ཆེས་བརྟན་པོ་ཡོད་ཅེས་གསུངས་ཡོད།

ཞི་ཅིན་ཕིང་གིས། ང་རང་ནས་བློ་མཐུན་ཨུ་ཡོན་ཀྲང་དང་ལྷན་དུ། ཀྲུང་གོ་དང་བྱང་ཁོ་རེ་ཡའི་སྲོལ་རྒྱུན་མཛའ་གྲོགས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་བརྒྱུད། རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་མཉམ་ལས་ཀྱི་འབྲེལ་བ་དེ་ལོ་རྒྱུས་ཀྱི་དུས་མཚམས་གསར་པའི་ནང་འཕེལ་རྒྱས་དེ་ལས་ཆེ་བ་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་སྔར་ལས་ཆེ་བ་བསྐྲུན་འདོད་ཡོད་ཅེས་ནན་གསུངས་གནང་བ་དང་། བྱང་ཁོ་རེ་ཡ་དར་རྒྱས་མངའ་ཐང་རྒྱས་པ་དང་། མི་དམངས་རྣམས་བདེ་སྐྱིད་འཚོ་བར་རོལ་ཐུབ་པའི་སྨོན་འདུན་བཟང་པོ་ཞུས་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་འཇམ་དཔལ།