བོད་ཡིག་དཔེ་རྙིང་ལེགས་སྒྲིག་དང་ཞིབ་འཇུག་གི་གླེང་སྟེགས་འཚོགས་པ།
སྤེལ་བའི་དུས་ཚོད། : 2019-09-08 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

  སྤྱི་ཟླ་༩པའི་ཚེས་༦ཉིན། སྐབས་གསུམ་པའི་རྒྱལ་ཡོངས་བོད་ཡིག་དཔེ་རྙིང་ཚད་ལྡན་ཡིག་ཆ་ལེགས་སྒྲིག་དང་ཞིབ་འཇུག་གི་མཐོ་རིམ་གླེང་སྟེགས་སི་ཁྲོན་ཞིང་ཆེན་གྱི་ཁྲེང་ཏུའུ་གྲོང་ཁྱེར་དུ་གཉེར་ཡོད། ད་ཐེངས་ཀྱི་གླེང་སྟེགས་ནི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་། སི་ཁྲོན་ཞིང་ཆེན་མི་རིགས་ཆོས་ལུགས་བྱ་དོན་ཨུ་ཡོན་ལྷན་ཁང་གིས་གཙོ་གཉེར་བྱས་པ་དང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་ཚན་ཞིབ་ལས་སྒོ་གཞུང་ལས་ཁང་དང་། སི་ཁྲོན་ཞིང་ཆེན་གྱི་གྲངས་ཉུང་མི་རིགས་ཀྱི་དཔེ་རྙིང་ལེགས་སྒྲིག་གཞུང་ལས་ཁང་། ཁྲེང་ཏུའུ་ལན་ཐུའུ་ཚན་རྩལ་ཚད་ཡོད་འགན་འཁྲི་ཀུང་སི། ཧི་མ་ལ་ཡ་རིག་མཛོད། སི་ཁྲོན་ཞིང་ཆེན་གྱི་བོད་ཡིག་དཔེ་རྙིང་འཚོལ་བསྡུ་སྲུང་སྐྱོབ་རྩོམ་སྒྲིག་བྱ་དོན་ཁང་སོགས་ཚན་པ་ལྔས་གཉེར་འགན་འཁུར་ཡོད།

  བོད་ལྗོངས་དང་། ཞིང་ཆེན་བཞིའི་བོད་ཁུལ། དེ་བཞིན་ས་ཁུལ་གཞན་དག་གི་ཚན་ཞིབ་ལས་ཁུངས་བཅུ་གྲངས་དང་དཔེ་རྙིང་ལེགས་སྒྲིག་ཚན་པ། དཔེ་མཛོད་ཁང་། མཐོ་རིམ་སློབ་གྲྭ དེ་བཞིན་འབྲེལ་ཡོད་སྡེ་ཁག་གི་རིགས་གཅིག་མཁས་པ་དང་མཁས་དབང་ཉིས་བརྒྱ་ལྷག་ཙམ་འཛོམས་ཏེ་བོད་ཡིག་གི་དཔེ་རྙིང་ལེགས་སྒྲིག་དང་ཞིབ་འཇུག་ཐད་ཞིབ་བསྡུར་གཏིང་ཟབ་གནང་ཡོད།

  ད་ཐེངས་ཀྱི་མཐོ་རིམ་གླེང་སྟེགས་དུས་ཡུན་ཉིན་གཉིས་འཚོགས་པ་དང་། འགོ་ཚུགས་མཛད་སྒོའི་ཐོག་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་བྱ་གཞོན་པ་ཧྭ་ཡན་ལུང་གིས། རྒྱལ་ཡོངས་ཀྱི་བོད་ཡིག་དཔེ་རྙིང་ལེགས་སྒྲིག་དང་ཞིབ་འཇུག་གི་མཐོ་རིམ་གླེང་སྟེགས་སྤྱི་ལོ་༢༠༡༧ལོར་གཉེར་འགོ་ཚུགས་ཚུན་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་མཛུབ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། བོད་ཡིག་དཔེ་རྙིང་གི་ཚད་ལྡན་ཡིག་ཆའི་ཞིབ་འཇུག་ཆུ་ཚད་དེ་སྤུས་ཚད་མཐོ་པོས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་བཏང་བ། ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་དར་སྤེལ་ཧུར་ཐག་བཏང་བ། མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་ཁུལ་གྱི་སྤྱི་ཚོགས་བརྟན་བརླིང་དང་གོང་འཕེལ་ལ་སྐུལ་འདེད་གཏོང་ཆེད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད། དེ་དང་ཆབས་ཅིག རིགས་གཅིག་མཁས་པ་དང་མཁས་དབང་རྣམ་པས་བསམ་བློ་སྤེལ་རེས་དང་། ཐུན་མོང་ངོས་འཛིན་གཅིག་སྡུད། མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་བཅས་ཀྱི་ཐད་སྟེགས་བུ་གལ་ཆེན་མཁོ་འདོན་བྱས་ཡོད་ཅེས་གསུངས་ཡོད།

  ཧྭ་ཡན་ལུང་གིས། ཏང་དང་རྒྱལ་ཁབ་ཀྱིས་སྔ་བར་ཕྱི་གསུམ་དུ་བོད་ཀྱི་རིག་གནས་སྲུང་སྐྱོབ་དང་གོང་འཕེལ་གཏོང་རྒྱུར་མཐོང་ཆེན་གནང་གི་ཡོད། བོད་ཡིག་དཔེ་རྙིང་ནི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། གྲངས་ཉུང་མི་རིགས་ཀྱི་དཔེ་རྙིང་ལེགས་སྒྲིག་དང་སྲུང་སྐྱོབ་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་། མི་རིགས་ཁག་གི་ཕུལ་བྱུང་རིག་གནས་རྒྱུད་འཛིན་དང་དར་སྤེལ་གཏོང་བ། མི་རིགས་མཐུན་སྒྲིལ་ཟབ་ཏུ་གཏོང་བ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བསྟན་ཡོད།

  ཉིན་དེ་གའི་ཕྱི་དྲོ་ཚོགས་ཆུང་ཁ་བགོས་གྲོས་བསྡུར་བྱས་ཡོད། དུས་ཡུན་ཉིན་གཉིས་ཀྱི་གྲོས་ཚོགས་རིང་བོད་ཡིག་དཔེ་རྙིང་དང་ཚད་ལྡན་ཡིག་ཆ་ལེགས་སྒྲིག་དང་སྲུང་སྐྱོབ། ཉམས་གསོ། ཞིབ་འཇུག་བཅས་མུ་མཐུད་གཏིང་ཟབ་ཏུ་གཏོང་བའི་གྲོས་གཞིའི་ཐད། མིག་སྔའི་ཚལ་རྩལ་གོང་འཕེལ་དང་དངོས་སྤྱོད་ཀྱི་དགོས་མཁོ་དང་ཟུང་འབྲེལ་བྱས་ཏེ། བོད་ཡིག་དཔེ་རྙིང་རིགས་དབྱེ་བྱ་ཐབས་དང་བོད་ཡིག་དཔེ་རྙིང་གྲངས་གཞི་ཅན་གྱི་གྲོས་གཞི་ཆེད་མངགས་བཀོད་སྒྲིག་བྱས་ཡོད།

  དེ་མིན། འགོ་འཛུགས་མཛད་སྒོའི་རྗེས་ཀྱི་ངལ་གསོའི་དུས་ཚོད་ནང་། འཐུས་མི་ཚོས་དེ་གར་བཀོད་སྒྲིག་བྱས་ཡོད་པའི་སི་ཁྲོན་གྱི་བོད་ཡིག་དཔེ་རྙིང་ལས་དོན་སྐོར་གྱི་གྲུབ་འབྲས་འགྲེམས་སྟོན་ལ་གཟིགས་གནང་ཡོད།

  གྲོས་ཚོགས་རིང་། ཚོགས་ཞུགས་འཐུས་མི་ཚོས་ད་དུང་སི་ཁྲོན་ཀྱི་བོད་ཡིག་དཔེ་རྙིང་རྩོམ་སྒྲིག་བྱ་དོན་ཁང་དང་ཧི་མ་ལ་ཡའི་རིག་མཛོད་དུ་གཟིགས་སྐོར་གནང་ནས། བོད་ཡིག་དཔེ་རྙིང་དང་ཚད་ལྡན་ཡིག་ཆ་འཚོལ་བསྡུ་དང་ཉར་ཚགས། དེ་བཞིན་དཔེ་སྐྲུན་བེད་སྤྱོད་བཅས་ཀྱི་ལས་ཀའི་བརྒྱུད་རིམ་ཆ་ཚང་ཐད་ས་ཆ་དངོས་སུ་བརྟག་ཞིབ་གནང་ཡོད་པ་རེད།

  ཡིག་སྒྱུར། དབང་འདུས། བསྟན་འཛིན་འཇམ་དཔལ།