མདུན་གྱི་ཟླ་བ་༨ནང་རང་རྒྱལ་གྱི་ཕྱི་ཕྱོགས་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་བྱས་པའི་སྤྱིའི་རིན་ཐང་དུས་མཚུངས་ལས་༣.༦%འཕར་བ།
སྤེལ་བའི་དུས་ཚོད། : 2019-09-09 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

  ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། མདུན་གྱི་ཟླ་བ་༨ནང་རང་རྒྱལ་གྱི་ཕྱི་ཕྱོགས་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་བྱས་པའི་སྤྱིའི་རིན་ཐང་དུས་མཚུངས་ལས་༣.༦%འཕར་བ་དང་། ཕྱི་ཕྱོགས་ཉོ་ཚོང་བརྟན་ཐོག་འཕར་སྣོན་འགྲོ་ཚུལ་མུ་མཐུད་ནས་རྒྱུན་འཁྱོངས་ཐུབ་ཡོད།

  འགག་སྒོའི་སྡོམ་རྩིས་ལས་མངོན་པར། ད་ལོའི་མདུན་གྱི་ཟླ་བ་༨ནང་། རང་རྒྱལ་གྱི་དངོས་ཟོག་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་གི་སྤྱིའི་རིན་ཐང་མི་དམངས་ཤོག་སྒོར་དུང་ཕྱུར་ཉིས་འབུམ་ཆིག་སྟོང་སུམ་བརྒྱ་ཟིན་པ་དང་། ན་ནིང་གི་དུས་མཚུངས་ལས་༣.༦%འཕར་ཡོད། དེའི་ནང་། ཕྱིར་གཏོང་གི་འཕར་ཚད་༦.༡%ཟིན་པ། ནང་འདྲེན་འཕར་ཚད་༠.༨%ཟིན་པ། ཉོ་ཚོང་གཏོང་མང་ཡོང་ཉུང་སྒོར་དུང་ཕྱུར་ཆིག་ཁྲི་བདུན་སྟོང་བདུན་བརྒྱ་ཟིན་ནས། ༤༦%རྒྱ་སྐྱེད་ཐུབ་ཡོད། འདས་ཟིན་པའི་ཟླ་བ་༨ནང་། རང་རྒྱལ་གྱི་ཕྱིར་གཏོང་ནང་འདྲེན་གྱི་སྤྱིའི་རིན་ཐང་སྒོར་དུང་ཕྱུར་ཉིས་ཁྲི་བདུན་སྟོང་ཉིས་བརྒྱ་ཟིན་པ་དང་། འཕར་ཚད་༠.༡%ཟིན་ཡོད་པ་རེད།

  འགག་སྒོའི་སྤྱི་ཁྱབ་ཧྲུའུ་ཡི་སྡོམ་རྩིས་དབྱེ་ཞིབ་སེའི་སེ་ཀྲང་ལི་ཁུའེ་ཝེན་གྱིས། མིག་སྔའི་རྒྱལ་སྤྱིའི་དཔལ་འབྱོར་དང་། ཉོ་ཚོང་འཕར་སྣོན་ཞི་ལྷོད་དུ་འགྲོ་བཞིན་ཡོད། ཡིན་ནའང་རང་རྒྱལ་ཕྱི་ཕྱོགས་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་མུ་མཐུད་ནས་འཕར་བཞིན་ཡོད་པ་དང་། ཟླ་བ་རྐྱང་པའི་ཕྱིར་གཏོང་ནང་འདྲེན་རྒྱུན་མཐུད་ཟླ་བ་༥ནང་སྒོར་དུང་ཕྱུར་ཉིས་ཁྲི་ལྔ་སྟོང་འཕར་ཡོད་ཅེས་ངོ་སྤྲོད་གནང་ཡོད།

  ལི་ཁུའེ་ཝེན་གྱིས། རང་རྒྱལ་གྱི་ཕྱིར་གཏོང་ནང་འདྲེན་ཚོང་ཟོག་གི་གྲུབ་ཆ་དེ་ཡང་རྒྱུན་མཐུད་ལེགས་སུ་འགྲོ་བཞིན་ཡོད་ཅེས་བསྟན་པ་དང་། ཁོང་གིས། རང་རྒྱལ་གྱིས་ཕྱིར་གཏོང་བྱས་པའི་ཚོང་ཟོག་གི་གྲུབ་ཆ་རྒྱུན་མཐུད་ལེགས་སུ་ཕྱིན་པ་དང་། ནང་འདྲེན་རྒྱ་སྐྱེད་གཏོང་བའི་གོམ་པ་བརྟན་པོ་སྤོ་ཐུབ་པ། དམངས་འཚོའི་འཛད་སྤྱོད་རིགས་ཀྱི་ཐོན་རྫས་ནང་འདྲེན་བྱ་རྒྱུ་ཅུང་མགྱོགས་པོའི་སྒོ་ནས་འཕར་ཡོད། མདུན་གྱི་ཟླ་བ་༡ནས་ཟླ་བ་༨པའི་བར་དུ། ཤའི་རིགས་དང་ཆུ་དང་རྒྱ་མཚོའི་ཐོན་རྫས་ནང་འདྲེན་བྱེད་པའི་རིན་ཐང་དེ་ཁག་སོ་སོར་༦༦.༡%དང་༦༥.༢% ༣༨.༥%ཟིན་ཡོད། སླད་ཕྱིན། ང་ཚོས་ཕྱི་ཕྱོགས་ཉོ་ཚོང་བརྟན་པོ་དང་། ཕྱི་ཕྱོགས་མ་རྩ་བརྟན་པོ་ཡོང་བའི་འབྲེལ་ཡོད་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱས་ནས། འགག་སྒོའི་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་གཏོང་བ་དང་། ཕྱི་ཕྱོགས་ཉོ་ཚོང་བརྟན་པོའི་ཁྲོད་སྤུས་ཚད་ལེགས་གཏོང་ལ་སྐུལ་འདེད་གང་ལེགས་གཏོང་རྒྱུ་རེད་ཅེས་གསུངས་ཡོད་པ་རེད།

  ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

  ཡིག་སྒྱུར། བསྟན་འཛིན་འཇམ་དཔལ།