སྐབས་བཅུ་གཅིག་པའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོའི་ཐོག་ཝང་ཡང་ཞུགས་པ།
སྤེལ་བའི་དུས་ཚོད། : 2019-09-09 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

  ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྐབས་བཅུ་གཅིག་པའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་དེ་སྤྱི་ཚེས་8ཉིན་ཧོ་ནན་ཀྲེན་ཀྲའུ་རུ་གཟབ་རྒྱས་ངང་འཚོགས་འགོ་ཚུགས་ཡོད་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཡང་འགོ་ཚུགས་མཛད་སྒོར་ཞུགས་ཡོད་པ་རེད།

  དགོང་མོའི་ཆུ་ཚོད་8དང་སྐར་མ་50ཡི་ཐོག ཝང་ཡང་གིས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐབས་བཅུ་གཅིག་པའི་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་འཚོགས་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་དང་། དེ་མུར། ཚོན་མདོག་རྣམ་པར་བཀྲ་བའི་ཚོན་ཁྲ་ཅན་གྱི་ཤོག་སྦག་གིས་མཚན་དགུང་ལ་བཀྲག་མདངས་རྒྱས་ཡོད་པ་དང་། ཀྲེན་ཀྲའུ་ཨོ་ལིམ་ཕིག་ལུས་རྩལ་ལྟེ་གནས་སུ་དགའ་སྤྲོའི་རྣམ་པས་ཁེངས་ཡོད་པ་རེད། དེ་རྗེས། ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། ལག་གདང་སྦྲེལ་ནས་དུས་རབས་གསར་པར་བསྐྱོད་ཅེས་པའི་བརྗོད་དོན་གཙོ་བོའི་རིག་རྩལ་འཁྲབ་སྟོན་བྱེད་འགོ་ཚུགས་ཡོད་པ་རེད།

  འཁྲབ་སྟོན་ནི་ཀྲུང་ཧྭ་ལ་བསྟོད་གླུ་འབུལ་ཞེས་པ་དང་། ཧོ་ནན་གྱི་ངོ་མཚར་ཞེས་པ། ཕུགས་འདུན་གྱི་ཕྱོགས་སུ་བསྐྱོད་ཅེས་ལེའུ་གསུམ་ལ་དབྱེ་ཡོད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་མཚར་སྡུག་བཀྲ་བའི་རིག་གནས་མངོན་ཡོད་པ་དང་། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་རིང་གི་རླབས་ཆེའི་གྲུབ་འབྲས་ལ་བསྟོད་གླུ་འབུལ་ཡོད་ཅིང་། ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་གྱི་འོད་སྣང་ལྡན་པའི་མདུན་ལྗོངས་མངོན་པར་བྱས་ཡོད། འཁྲབ་སྟོན་མཇུག་སྒྲིལ་རྗེས། མི་རིགས་ཁག་གི་སྤུན་ཟླས་བརྩེ་བ་ཟབ་མོའི་ཐོག་ནས་མཉམ་དུ་ང་དང་ངའི་མེས་རྒྱལ་ཞེས་པའི་གླུ་གཞས་མཉམ་ལེན་བྱས་ཡོད་པ་རེད། ཚོགས་ར་དངོས་སུ་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་འཁོར་བ་མཚོན་པའི་ཨང་ཀི་70མངོན་ཡོད་པ་དང་། ཚང་མས་མཉམ་དུ་རླབས་ཆེའི་མེས་རྒྱས་དར་རྒྱས་མངའ་ཐང་རྒྱས་པ་ཡོང་རྒྱུའི་སྨོན་འདུན་ཞུས་ཡོད་པ་རེད།

  འགོ་ཚུགས་མཛད་སྒོ་མ་འཚོགས་གོང་། ཝང་ཡང་གིས་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་རིག་གནས་འགྲེམ་སྟོན་དང་ཧོ་ནན་ཞིང་ཆེན་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་གྲུབ་འབྲས་འགྲེམ་སྟོན་ལ་གཟིགས་སྐོར་གནང་བ་དང་། ལུས་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ཡོངས་དང་ལུས་རྩལ་པའི་འཐུས་མི། ལས་དོན་མི་སྣའི་འཐུས་མི་བཅས་དང་མཇལ་འཕྲད་གནང་ཡོད་པ་རེད།

  ཝང་ཡང་གིས། རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་གཉེར་བ་ནི་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་གོང་འཕེལ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་དང་། མི་རིགས་ཁག་གི་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་ལ་སྐུལ་འདེད་གཏོང་བའི་སྟེགས་བུ་གལ་ཆེན་ཞིག་ཡིན་ཞིང་། མི་རིགས་མཐུན་སྒྲིལ་ཡར་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་གཞག་གསར་གཏོད་བྱེད་ས་གལ་ཆེན་ཞིག་ཡིན་པ། ཏང་དང་མི་རིགས་སྲིད་ཇུས་ཀྱི་ཁྱད་འཕགས་རང་བཞིན་གྱི་མངོན་ཚུལ་གལ་ཆེན་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་རིགས་ལས་དོན་སྐོར་ལ་གནང་བའི་གལ་ཆེའི་རྣམ་བཤད་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་དགོས་པ་དང་། ཏང་གི་མི་རིགས་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་མ་ལག་གི་འདུ་ཤེས་བརྟན་པོ་འཛུགས་པ། མི་རིགས་ཁག་སེ་འབྲུ་བཞིན་ཕན་ཚུན་དམ་པོར་འབྲེལ་རྒྱུར་སྐུལ་འདེད་གཏོང་བ། ཐུན་མོང་ཐོག་མི་རིགས་མཐུན་སྒྲིལ་གྱི་བྱ་དགའི་བུམ་པ་ཆེ་ཤོས་དེ་བཏེགས་ནས། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་ཞེས་བསྟན་ཡོད་པ་རེད།

  སྐབས་འདིའི་ལུས་རྩལ་འགྲན་ཚོགས་ཀྱི་འཚོགས་ཡུན་ཉིན་9ཡིན་པ་དང་། རྒྱལ་ཡོངས་ཀྱི་ཞིང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར་31དང་། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེ། བཅིངས་འགྲོལ་དམག་གི་འཐུས་མི་ཚོགས་པ། དེ་བཞིན་ཐེ་ཝན་གྲངས་ཉུང་མི་རིགས་ཀྱི་འཐུས་མི་ཚོགས་པ་བཅས་ཀྱི་ལུས་རྩལ་པ་7009ཡིས་མདའ་འཕེན་དང་། གཉའ་བཅག སྨྱུག་རྐང་གཅིག་གི་ཆུར་གཡེང་འགྲན་བསྡུར་སོགས་འགྲན་བསྡུར་རྣམ་གྲངས་17དང་འཁྲབ་སྟོན་རྣམ་གྲངས་194ཡི་འགྲན་བསྡུར་བྱ་རྒྱུ་ཡིན་པ་རེད། ལུས་རྩལ་འགྲན་ཚོགས་འཚོགས་རིང་ད་དུང་མི་རིགས་མཉམ་སྤྲོ་ཆེན་མོ་སོགས་ཀྱི་རིག་གནས་བྱེད་སྒོ་སྤེལ་རྒྱུ་ཡིན་པ་རེད།

  ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

  ཡིག་སྒྱུར། སྐལ་བཟང་བདེ་སྐྱིད།