རྒྱལ་ཁབ་མང་པོའི་མི་སྣས། མཉམ་ལས་ཀྱི་ཐབས་ལམ་ཐོག་ནས་གནད་དོན་ཐག་གཅོད་བྱེད་པ་ནི་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་པོས་འཛམ་གླིང་གི་ཞི་བདེ་དང་ཡར་རྒྱས་ཆེད་འཁུར་དགོས་པའི་ཐུན་མོང་གི་འགན་འཁྲི་ཡིན་ཞེས་བསྟན་པ།
སྤེལ་བའི་དུས་ཚོད། : 2019-09-08 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

  ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ༼ཉོ་ཚོང་དང་། སྒོ་འབྱེད། དར་རྒྱས་མཉམ་དུ་ལོངས་སྤྱོད་བྱེད་༽ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཀྲུང་གོའི་འཕེལ་རྒྱས་མཐོ་རིམ་གླེང་སྟེགས་ཀྱི་སྤྱི་ལོ་༢༠༡༩ལོའི་ཆེད་དོན་ཞིབ་བསྡུར་ཚོགས་འདུ་སྤྱི་ཚེས་༧ཉིན་མཇུག་འགྲིལ་ཡོད། རིགས་གཅིག་མཁས་པས། ཀྲུང་གོ་དང་ཨ་རི་ཕྱོགས་གཉིས་པོས་འཛམ་གླིང་གི་ཞི་བདེ་དང་ཡར་རྒྱས་ཆེད། མཉམ་ལས་བྱ་ཐབས་འཚོལ་ཞིབ་དང་། ཐུན་མོང་ཐོག་ཉམས་ཉེན་ལ་ཁ་གཏད་གཅོག་ཐབས་བྱ་དགོས་པའི་རེ་འབོད་བྱས་ཡོད།

  རྒྱལ་སྤྱིའི་ཁྲོམ་རའི་ཐོག་ཉོ་ཚོང་རྩོད་གཞི་ཚབས་ཇེ་ཆེར་འགྲོ་བ་དང་། རྡོ་སྣུམ་གནད་དོན་ཡང་རྒྱུན་མཐུད་དུ་ཐོན་བཞིན་ཡོད། དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་ནུས་ལྡན་གྱི་སྒུལ་ཤུགས་མི་འདང་བ་དང་། གསར་དར་རྒྱལ་ཁབ་ཀྱི་དཔལ་འབྱོར་དངོས་གཟུགས་ལ་རང་ངོས་ཀྱི་བརྗེ་སྒྱུར་སོགས་ཀྱི་གནད་དོན་རྐྱེན་པས་འགོག་རྐྱེན་ཕོག་པ། འཛམ་གླིང་ཀྱི་དཔལ་འབྱོར་ཧྲིལ་པོ་ཞི་ལྷོད་དུ་ཕྱིན་པ་ནི་རྩོད་མི་དགོས་པའི་དོན་དངོས་ལ་གྱུར་ཡོད། པེ་ཅིང་སློབ་ཆེན་རྒྱལ་ཁབ་འཕེལ་རྒྱས་ཞིབ་འཇུག་ཁང་གི་འགོ་འཛིན་གཞོན་པ་ཧོང་དབྱི་ཕིང་གིས། དཔལ་འབྱོར་ཞི་ལྷོད་དུ་འགྲོ་རྒྱུ་དེ་སྤྱི་ལོ་༢༠༡༦ལོ་ནས་འགོ་ཚུགས་ཡོད། སྲིད་ཇུས་འདོན་མཁན་གྱི་ལྟ་བ་གཞིར་བཟུང་ན། དུས་འཁོར་རང་བཞིན་གྱི་རྒྱུ་རྐྱེན་ལྡན་ཡོད། དུས་འཁོར་རང་བཞིན་གྱི་རྒྱུ་རྐྱེན་དེས་ཀྲུང་གོའི་དཔལ་འབྱོར་ལའང་ཕོག་ཐུག་ངེས་ཅན་ཞིག་ཐེབས་ཡོད་ཅེས་བསྟན་པ་དང་། ཧོང་དབྱི་ཕིང་གིས། ཀྲུང་གོར་རྒྱ་ཆེ་བའི་ཁྲོམ་ར་ཡོད་པས། སྤྱི་ཡོངས་ཀྱི་འཕར་ཚད་ཅུང་བརྟན་པོ་ཡོད་པ་དང་། རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་གི་འཕར་ཚད་༦.༦%-༦.༢%བར་གནས་ཐུབ་པ་ནི་རྒྱུན་གཏན་རེད་ཅེས་བསྟན་ཡོད།

  ཕྱོགས་གཞན་ཞིག་ནས་བཤད་ན། ཨ་རིའི་དཔལ་འབྱོར་དེ་ཉིད་ཀྲུང་གོ་དང་ཨ་རིའི་ཉོ་ཚོང་རྩོད་གཞིའི་ཁྲོད་དུ་ཡང་ཞི་ལྷོད་དུ་ཟམ་མི་ཆད་པར་འགྲོ་བཞིན་ཡོད། ཧ་ཧྥུའུ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བ་པ་ལོས། ཀྲུང་གོ་དང་ཨ་རིའི་ཉོ་ཚོང་རྩོད་གཞིས་ཨ་རིའི་དཔྱ་ཁྲལ་སྒྱུར་བཅོས་སྲིད་ཇུས་ཀྱི་ཕན་འབྲས་ཆུང་དུ་བཏང་ཡོད། དུས་ཐུང་སྐྱེད་ཀ་དང་དཔལ་འབྱོར་འཕེལ་རྒྱས་དབར་གྱི་འབྲེལ་བ་དམ་ཟབ་ལྡན་པ་དང་། མ་འོངས་པར་ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་གྲབས་གསོག་ལས་འཛིན་ལྷན་ཚོགས་ཀྱིས་སླད་ཕྱིན་དུས་ཐུང་སྐྱེད་ཀ་མུ་མཐུད་ནས་གཅོག་རྒྱུ་རེད། བྱེད་སྟངས་དེ་ནི་སྤྱིར་བཏང་ཐོག་ནས་བཤད་ན་དཔལ་འབྱོར་ཉམས་རྒུད་ཕྱིན་པ་དང་འབྲེལ་བ་ཡོད་ཅེས་གསུངས་ཡོད།

  མཐུན་ན་མཉམ་རྒྱལ་དང་། འཐབ་ན་མཉམ་ཕམ་ནི། ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཉོ་ཚོང་ཁྲོད་ཆེས་མངོན་གསལ་དོད་པའི་ཐུན་མོང་ངོས་འཛིན་ལ་གྱུར་ཡོད། ད་ལོ་ནི་ཀྲུང་གོ་དང་ཨ་རིའི་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་༤༠འཁོར་བའི་ལོ་ཡིན། ལོ་ངོ་༤༠ནང་། མཉམ་ལས་དམ་ཟབ་བྱེད་པའི་དུས་ཡོད་ལ་དཀའ་ཚེགས་ཆེ་བའི་དུས་ཀྱང་བརྒྱུད་མྱོང་ཡོད། ཀྲུང་གོ་དང་ཨ་རིའི་འབྲེལ་བའི་འཕེལ་རྒྱས་དངོས་སུ་བརྒྱུད་མྱོང་ཡོད་མཁན། ཅི་ཤིན་གྷེ་མཐུན་ཚོགས་ཀྱི་ཀྲུའུ་ཞི། ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་འབུམ་རམས་པ་ཅི་ཤིན་གྷེ་ཡིས། ཀྲུང་གོ་དང་ཨ་རི་ནི་ལག་རྩལ་དང་། ཆབ་སྲིད་ཉམས་མྱོང་། ལོ་རྒྱུས་བཅས་ཀྱི་ཐད་འཛམ་གླིང་གི་ཡར་རྒྱས་དང་ཞི་བདེར་ཤུགས་རྐྱེན་ཆེ་ཤོས་ཐེབས་པའི་ནུས་པ་ལྡན་པའི་རྒྱལ་ཁབ་ཡིན། རྒྱལ་ཁབ་དེ་གཉིས་ཀྱི་ལོ་རྒྱུས་དང་རིག་གནས་མི་འདྲ་བས། ཁོང་ཚོའི་བར་མཉམ་ལས་བྱེད་པའི་འགྲན་རྩོད་ཆེན་པོ་ཡོད། རྒྱལ་ཁབ་གཉིས་པོས་འཛམ་གླིང་གི་ཞི་བདེ་དང་ཡར་རྒྱས་ཆེད་མཉམ་ལས་བྱ་ཐབས་འཚོལ་ཞིབ་བྱས་ནས། རྒྱལ་ཁབ་གཉིས་པོའི་མདུན་དུ་ལྷགས་པའི་གནད་དོན་གལ་ཆེན་ཐག་གཅོད་བྱ་རྒྱུའི་ལས་འགན་ཡོད་ཅེས་བསྟན་ཡོད་པ་རེད།

  ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

  ཡིག་སྒྱུར། བསྟན་འཛིན་འཇམ་དཔལ།