ལི་ཁེ་ཆང་དང་མུ་ཁེར་གྱིས་མཉམ་དུ་ཀྲུང་གོ་དང་འཇར་མན་གྱི་དཔལ་འབྱོར་བློ་འདྲི་ཨུ་ཡོན་ལྷན་ཁང་གི་བཞུགས་མོལ་ཚོགས་འདུར་ཞུགས་པ།
སྤེལ་བའི་དུས་ཚོད། : 2019-09-08 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

  སྤྱི་ཚེས་6ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་བར་ཕེབས་པའི་འཇར་མན་གྱི་ཙུང་ལི་མོ་ཁེར་དང་མཉམ་དུ་ཀྲུང་གོ་དང་འཇར་མན་གྱི་དཔལ་འབྱོར་བློ་འདྲི་ཨུ་ཡོན་ལྷན་ཁང་གི་བཞུགས་མོལ་ཚོགས་འདུར་ཞུགས་པ་མ་ཟད་ཚོགས་ཞུགས་འཐུས་མི་དང་སྤེལ་རེས་གནང་ཡོད་པ་རེད།

  ལི་ཁེ་ཆང་གིས། ཐེངས་འདིའི་ཀྲུང་གོ་དང་འཇར་མན་གྱི་དཔལ་འབྱོར་བློ་འདྲི་ཨུ་ཡོན་ལྷན་ཁང་གི་བཞུགས་མོལ་ཚོགས་འདུ་ནི་ལོ་རིམ་བྱུང་ནང་རྒྱལ་ཁབ་གཉིས་པོའི་ཁེ་ལས་མཁས་པ་བཞུགས་པའི་མི་གྲངས་མང་ཤོས་ཀྱི་ཐེངས་ཤིག་ཡིན་ཞིང་། དེས་ཀྲུང་གོ་དང་འཇར་མན་གྱི་མཉམ་ལས་ཟམ་མི་ཆད་པར་གཏིང་ཟབ་ཏུ་འགྲོ་བ་དང་། དངོས་གྲུབ་གྲུབ་འབྲས་རྒྱུན་མཐུད་གསོག་འཇོག་བྱེད་པ་མངོན་གྱི་ཡོད། ཀྲུང་གོ་དང་འཇར་མན་གྱི་སྲིད་གཞུང་ལ་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་མཉམ་ལས་རྒྱུན་མཐུད་མདུན་ཕྱོགས་སུ་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ལྷག་བསམ་ལྡན་ཡོད་པས། ཚང་མའི་བསམ་འཆར་དང་གྲོས་འགོར་ལྟ་སྟངས་ནན་ཏན་འཛིན་རྒྱུ་དང་། ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་སྟངས་འཛིན་པའི་རྣམ་འགྱུར་ཐོག་ནས་དོན་འཁྱོལ་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བསྟན་ཡོད་པ་དང་།

  ལི་ཁེ་ཆང་གིས། ཀྲུང་གོས་སྒོ་དབྱེ་སྔར་བས་རྒྱ་ཆེར་གཏོང་བཞིན་ཡོད་པ་དང་། བཟོ་སྐྲུན་ལས་སྒོ་ཁྱོན་ཡོངས་ནས་སྒོ་དབྱེ་བྱས་ཡོད་ལ། དངུལ་རྩ་དང་ཞབས་ཞུའི་ལས་སྒོའི་སྒོ་དབྱེར་ཀྱང་རྒྱུན་མཐུད་ངང་སྐུལ་འདེད་བཏང་ཡོད་པས། འཇར་མན་གྱི་ཁེ་ལས་མང་པོར་ཕན་པ་ཐོབ་ཡོད། འཇར་མན་ཁེ་ལས་ཀྱིས་གོ་སྐབས་དམ་འཛིན་བྱས་ནས། མུ་མཐུད་ཀྲུང་གོར་མ་འཇོག་རྒྱ་ཆེར་གཏོང་བ་དང་། ལག་རྩལ་གསར་གཏོད་དང་གསར་དར་ལག་རྩལ་ཚད་གཞི་རྒྱལ་སྤྱི་ཅན་གྱི་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ཀྲུང་གོས་ཤེས་བྱའི་ཐོན་དབང་ལ་སྲུང་སྐྱོབ་ནན་པོ་བྱས་ནས། ཀྲུང་གོ་དང་ཕྱི་རྒྱལ་གྱི་ཁེ་ལས་ལ་ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་སྐྲུན་རྒྱུ་ཡིན་ཞེས་བསྟན་གནང་བ་དང་།

  ལི་ཁེ་ཆང་གིས། འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ཕན་བདེ་ཟབ་ཏུ་གཏོང་བར། ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱེད་པ་དང་། རང་མོས་ཉོ་ཚོང་ལ་སྐུལ་འདེད་གཏོང་བ་དང་། ཕན་ཚུན་སྒོ་དབྱེ་རྒྱ་ཆེར་བཏང་ནས། རྒྱལ་ཁབ་ཁག་གི་དཔལ་འབྱོར་ཕན་ཚུན་མཉམ་འདྲེས་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ཀྲུང་གོ་དང་འཇར་མན་གྱིས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དེས། ཕྱོགས་གཉིས་པོར་ཕན་ཐོགས་ཡོད་ལ། འཛམ་གླིང་ལའང་ཕན་ཐོགས་ཡོད། འཇར་མན་གྱིས་ཀྲུང་གོ་དང་ཁ་ཕྱོགས་གཅིག་ཏུ་སྐྱོད་པ་དང་། ཁྲོམ་རར་འཛུལ་བའི་ཐད་ཀྲུང་གོའི་ཁེ་ལས་ཀྱིས་འཇར་མན་དུ་མ་འཇོག་བྱས་ནས་བྱ་བཞག་དར་རྒྱས་གཏོང་རྒྱུར་ལྟ་སྟངས་གཅིག་ལ་འཛིན་པའི་ཁོར་ཡུག་སྐྲུན་པ། མཐོ་གསར་ལག་རྩལ་ཐོན་རྫས་ཕྱིར་གཏོང་ཁྱབ་ཁོངས་ནང་ཚད་བཀག་ལྷུག་ཏུ་གཏོང་བ་བཅས་བྱས་ཏེ། ཀྲུང་གོ་དང་འཇར་མན་གྱི་ཁེ་ལས་ཀྱི་མཉམ་ལས་ཆུ་ཚད་མཐོ་རུ་གཏོང་བ་དང་། དེ་བས་ཡག་པའི་སྒོ་ནས་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་ཡོང་ཆེད་ཆ་རྐྱེན་བཟང་པོ་སྐྲུན་རྒྱུའི་རེ་བ་ཡོད་ཅེས་ནན་ཤད་གནང་ཡོད།

  མོ་ཁེར་གྱིས། འཇར་མན་དང་ཀྲུང་གོའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་རྒྱ་ཆེ་ཞིང་གཏིང་ཟབ་པ་དང་། ཀྲུང་གོས་སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་ཟམ་མི་ཆད་པ་བཏང་བ་དང་བསྟུན། འཇར་མན་གྱི་ཁེ་ལས་ཁག་གཅིག་ཀྲུང་གོའི་སྒོ་དབྱེའི་ཁྱབ་ཁོངས་གསར་པའི་ནང་ཕྱི་ཕྱོགས་མཉམ་ལས་ཀྱི་དཔེ་སྟོན་ལ་འགྱུར་ཡོད། འཇར་མན་གྱིས་ཀྲུང་གོ་དང་མཉམ་དུ་ཕྱོགས་མང་རིང་ལུགས་དང་རང་མོས་ཉོ་ཚོང་ལ་སྲུང་སྐྱོབ་བྱེད་པ་དང་། ཁྱབ་ཁོངས་ཁག་གི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། ཐུན་མོང་ཐོག་གསར་དར་དཔལ་འབྱོར་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་ཚད་གཞི་གྲོས་བསྡུར་བྱས་ནས་བཟོ་བ་བཅས་བྱེད་འདོད་ཡོད། འཇར་མན་གྱིས་ཀྲུང་གོའི་ཁེ་ལས་ནས་འཇར་མན་ལ་མ་འཇོག་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་དང་། སྤྱི་ལོ་2020ལོར་འཇར་མན་གྱིས་ཡོ་རབ་མནའ་འབྲེལ་གྱི་རེ་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རིང་ཡོ་རབ་མནའ་འབྲེལ་དང་ཀྲུང་གོའི་མ་འཇོག་གྲོས་ཆོད་ཀྱི་དབྱེ་འབྱེད་གྲོས་མོལ་ལེགས་སྒྲུབ་ཡོང་རྒྱུར་འབད་བརྩོན་ཆེན་པོས་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།

  ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

  ཡིག་སྒྱུར། དབང་འདུས།