ལི་ཁེ་ཆང་དང་མོ་ཁེར་རྣམ་གཉིས་ཀྱིས་ཀྲུང་འཇར་སྐད་ཆ་ཤོད་རེས་གླེང་སྟེགས་ཀྱི་སྤྱི་ལོ་༢༠༡༩ལོའི་གྲོས་ཚོགས་ལ་ཞུགས་མཁན་རྒྱལ་ཁབ་གཉིས་པོའི་འཐུས་མི་དང་མཉམ་དུ་ཐུགས་འཕྲད་གནང་བ།
སྤེལ་བའི་དུས་ཚོད། : 2019-09-08 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་སྤྱི་ཚེས་༦ཉིན་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་བར་ཕེབས་པའི་འཇར་མན་གྱི་ཙུང་ལི་མོ་ཁེར་དང་ཀྲུང་གོ་དང་འཇར་མན་གྱི་སྐད་ཆ་ཤོད་རེས་གླེང་སྟེགས་ཀྱི་སྤྱི་ལོ་༢༠༡༩ལོའི་གྲོས་ཚོགས་ལ་ཞུགས་མཁན་རྒྱལ་ཁབ་གཉིས་པོའི་འཐུས་མི་དང་མཉམ་དུ་ཐུགས་འཕྲད་གནང་བ་མ་ཟད་ཁོང་རྣམ་པ་དང་བཞུགས་མོལ་ཀྱང་གནང་ཡོད་པ་རེད།

  རྒྱལ་ཁབ་གཉིས་པོའི་ཙུང་ལིས་ཀྲུང་གོ་དང་འཇར་མན་གྱི་སྐད་ཆ་ཤོད་རེས་གླེང་སྟེགས་ཀྱི་ཀྲུའུ་ཞི་རྣམ་གཉིས་ཀྱི་ལས་དོན་སྙན་གསེང་དང་གྲོས་འགོ་གསན་ཡོད་པ་རེད།

  ལི་ཁེ་ཆང་གིས། ཀྲུང་གོ་དང་འཇར་མན་གྱི་སྐད་ཆ་ཤོད་རེས་གླེང་སྟེགས་གཉེར་ནས་ལོ་བཅུ་སོང་རིང་། རྒྱལ་ཁབ་གཉིས་པོའི་སྲིད་གཞུང་བར་གྱི་མཉམ་ལས་སྒྲིག་གཞིའི་བར་ཕན་ཚུལ་ཁ་གསབ་ནུས་པ་ཞིག་ཆགས་པ་དང་རྒྱལ་ཁབ་གཉིས་པོའི་ལམ་ལུགས་དང་རིག་གནས། གོང་འཕེལ་ཆུ་ཚད་བཅས་ཀྱི་ཧེ་དཔག་ལས་མཆོངས་བརྒལ་བྱུང་བ། ཕྱོགས་གཉིས་པོའི་ཐུན་མོང་ཁེ་ཕན་དང་མཉམ་ལས་ཁྱབ་ཁོངས་འཚོལ་ཞིབ་བྱས་ཡོད་པས་ཀྲུང་གོ་དང་འཇར་མན་གྱི་འབྲེལ་བ་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་ཐེབས་པ་མ་ཟད་རྒྱལ་ཁབ་གཉིས་པོའི་དངོས་གཉེར་མཉམ་ལས་དང་མི་དམངས་ཀྱི་བདེ་སྐྱིད་ཤུགས་ཆེར་གཏོང་རྒྱུའི་ཐད་དམིགས་བསལ་ནུས་པ་ཐོན་ཡོད། ཀྲུང་གོ་དང་འཇར་མན་རྒྱལ་ཁབ་གཉིས་པོ་ནི་འཛམ་གླིང་གྱི་དཔལ་འབྱོར་མ་ལག་གཙོ་བོ་གཉིས་ཡིན་ཞིང་ཀྲུང་གོ་ནི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆ་ཤོས་ཡིན་པ་དང་འཇར་མན་ནི་དར་རྒྱས་ཆེ་བའི་རྒྱལ་ཁབ་དང་བཟོ་སྐྲུན་ལས་རིགས་ཀྱི་སྟོབས་ཆེན་རྒྱལ་ཁབ་ཆེན་པོ་ཞིག་རེད། ང་ཚོའི་བར་ཕན་ཚུལ་སྒོ་ཕྱེ་བ་དང་མི་སྣའི་སྤེལ་རེས་བྱེད་ཤུགས་ཆེ་རུ་བཏང་བ། མཉམ་ལས་བར་ཁམས་ཧ་ཅང་ཆེན་པོ་ཡོད། ཀྲུང་གོ་དང་འཇར་མན་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་གིས་སྐད་ཆ་ཤོད་རེས་གླེང་སྟེགས་ཀྱིས་ཕྱོགས་གཉིས་པོའི་མིག་ནང་གི་ཁྱེད་རང་དང་ང་རང་དང་གནམ་གཤིས་འགྱུར་ལྡོག གྲངས་ཀ་ཅན་གྱི་སློབ་གསོ། ལས་རིགས་ཟབ་སྦྱོང་། ཀྲུང་གོ་དང་འཇར་མན་གྱི་ཚན་ཞིབ་མཉམ་ལས། རྒན་རྒོན་ཅན་སོགས་ཁྱབ་ཁོངས་ཁག་ཆེན་པོ་དྲུག་ཐད་བཏོན་པའི་མཉམ་ལས་གྲོས་འགོར་རྒྱབ་སྐྱོར་ཧུར་ཐག་བྱེད་ཀྱི་ཡོད་ལ་ཕྱོགས་གཉིས་པོས་མཉམ་ལས་བྱེད་རྒྱུར་ཆ་རྐྱེན་བཟང་པོ་སྐྲུན་འདོད་ཡོད། ཕྱོགས་གཉིས་པོས་གྲུབ་འབྲས་ཟམ་མི་ཆད་པར་གསོག་འཇོག་དང་གཡུར་ཟའི་གྲུབ་འབྲས་སྔར་བས་མང་བ་ཐོབ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་གསུངས་འདུག

  མོ་ཁེར་གྱིས། འཇར་མན་དང་ཀྲུང་གོའི་སྐད་ཆ་ཤོད་རེས་གླེང་སྟེགས་ཀྱིས་བཏོན་པའི་ཁྱབ་ཁོངས་ཆེན་པོ་དྲུག་གི་མཉམ་ལས་གྲོས་འགོ་ནི་ཧ་ཅང་གལ་འགངས་ཆེན་པོ་ཡིན་པ་དང་མི་ཉུང་བ་ཞིག་ནི་རྒྱལ་ཁབ་གཉིས་པོའི་མདུན་དུ་འཕྲད་པའི་ཐུན་མོང་འགྲན་རྩོད་ཡིན་པས་ཕྱོགས་གཉིས་པོར་མཉམ་ལས་རྒྱ་ཆེར་གཏོང་རྒྱུར་གོ་སྐབས་སྤྲད་གསར་པ་སྤྲད་ཡོད་ལ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུར་ཡང་ཕན་པ་ཡོད། འཇར་མན་དང་ཀྲུང་གོའི་བར་ཕན་ཚུལ་སློབ་སྦྱོང་དང་ཕན་ཚུལ་དཔྱད་གཞིར་འཛིན་ཆོག་པ་དང་ཕན་ཚུལ་སྐུལ་འདེད་བཏང་ནས་མཉམ་དུ་གོང་འཕེལ་ཡོང་བ་བྱེད་དགོས་ཀྱི་ཡོད་ཅེས་གསུངས་འདུག

  ཀྲུང་གོ་དང་འཇར་མན་རྒྱལ་ཁབ་གཉིས་པོའི་ཆབ་སྲིད་དང་ཚོང་ལས། རིག་གཞུང་ལས་རིགས་བཅས་ནས་ཕེབས་པའི་འཐུས་མི་༦༠བཞུགས་མོལ་ཚོགས་འདུར་ཞུགས་ཡོད། ཝང་དབྱི་དང་དབན་ཀང་། ཧོ་ལི་ཧྥུང་བཅས་ཁག་སོ་སོར་གོང་གསལ་བྱེད་སྒོ་ཁག་ནང་ཞུགས་ཡོད་པ་རེད།

  ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

  ཡིག་སྒྱུར། སྐྱིད་པོ།