ཝང་དབྱང་གིས་རྒྱལ་ཡོངས་སྲིད་གྲོས་ཀྱི་གཙོ་གནད་གྲོས་གཞིའི་བདག་གཉེར་གྲོས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ།
སྤེལ་བའི་དུས་ཚོད། : 2019-09-08 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

  ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ།རྒྱལ་ཡོངས་སྲིད་གྲོས་ཀྱིས་སྤྱི་ཚེས་6ཉིན་པེ་ཅིན་དུ་གཙོ་གནད་གྲོས་གཞིའི་བདག་གཉེར་གྲོས་མོལ་ཚོགས་དུ་འཚོགས་པ་དང་། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཁུངས་སྣེ་བདའ་འདེད་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏོང་རྒྱུར་གཞིགས་ཏེ་གྲོས་བསྡུར་སྤེལ་རེས་བྱས་ཡོད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཡང་ནས་གྲོས་ཚོགས་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་ཀྱང་གནང་ཡོད། ཁོང་གིས། གྲོས་གཞིའི་བདག་གཉེར་གྲོས་མོལ་ནི་མི་དམངས་སྲིད་གྲོས་ཀྱི་གྲོས་མོལ་དམངས་གཙོའི་རྣམ་པ་གལ་ཆེན་ཞིག་ཡིན་ཞིང་། གྲོས་གཞི་འདོན་མཁན་དང་སྒྲུབ་འགན་ཚན་པའི་བར་ཐད་ཀར་འབྲེལ་གཏུག་སྤེལ་སྤེལ་བྱ་ཤུགས་ཆེ་རུ་དང་། གྲོས་གཞི་བདག་གཉེར་གྱི་ཕན་འབྲས་ཆེ་རུ་འགྲོ་རྒྱུའི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞིང་ལས་ཐོན་རྫས་དང་ཟ་རིགས་བདེ་འཇགས་སྐོར་གྱི་གལ་ཆེའི་རྣམ་བཤད་སློབ་སྦྱོང་ལག་བསྟར་བྱེད་པ་དང་། མི་དམངས་ལྟེ་བ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། བརྟན་པོའི་ཁྲོད་ཡར་རྒྱས་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་པ། གཙོ་གནད་འབུར་དུ་ཐོན་པ་བྱེད་པ། ཁྱད་ཆོས་འཚོལ་ཞིབ་བཅས་བྱས་ཏེ། རིམ་བཞིན་ཞིང་ལས་ཐོན་རྫས་དེ་ཞིང་ནང་ནས་གསོལ་ལྕོག་ཐོག་གི་བརྒྱུད་རིམ་ཧྲིལ་པོའི་ཁུངས་སྣེ་བདའ་འདེད་བྱེད་ཆོག་པའི་དོ་དམ་མངོན་འགྱུར་ཐུབ་པ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།

  གྲོས་གཞི་ཚན་པ་དང་། ཨུ་ཡོན་གྱི་འཐུས་ཚབ་12ཀྱིས་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཁུངས་སྣེ་བདའ་འདེད་ཀྱི་མ་ལག་འཛུགས་སྐྲུན་གྱི་ཁྲིམས་སྐྱོང་གི་འགན་སྲུང་དང་སྲིད་ཇུས་ཀྱི་འདེགས་སྐྱོར། ལྟ་སྐུལ་དོ་དམ་གྱི་རོགས་ལས། ཁྲོམ་རའི་གཙོ་གཟུགས་ཐེ་ཞུགས་སོགས་གནད་དོན་ལ་གཞིགས་ཏེ་གྲོས་དོན་བློ་འདྲི་དང་གྲོས་འཆར་བཏོན་ཡོད། ཨུ་ཡོན་60ལྷག་གིས་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་འགུལ་སྐྱོད་ལག་བསྟར་སྟེགས་བུའི་ཐོག་བསམ་འཆར་བཏོན་གནང་ཡོད།

  ཨུ་ཡོན་ཚོས། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་བཅའ་ཁྲིམས་ལ་བཟོ་བཅོས་རྒྱག་གང་ཐུབ་བྱེད་པ་དང་། ཁུངས་སྣེ་བདའ་འདེད་བྱ་ཡུལ་རྒྱ་ཆེ་རུ་གཏོང་བ། ཁུངས་སྣེ་བདའ་འདེད་ཀྱི་གཙོ་གཟུགས་དོན་འཁྱོལ་བྱེད་པ། ཁུངས་སྣེ་བདའ་འདེད་ཀྱི་གཞི་འཛིན་ས་ཁ་གསལ་བཟོ་བ། ཁྲིམས་ལུགས་ཀྱི་འགན་འཁྲི་ལག་བསྟར་ནན་པོ་བཅས་བྱེད་དགོས་པ་དང་། སྔོན་ལ་རྣམ་པ་གསར་པའི་ཞིང་ལས་ཐོན་སྐྱེད་གཉེར་སྐྱོང་གཙོ་གཟུགས་དང་། སྒོ་རྩིས་ཚོང་ཁང་ཆེ་གྲས། ཞིང་ལས་ཐོན་རྫས་ཀྱི་ཉོ་ཚོང་ཁྲོམ་ར་དང་། གཙོ་གནད་ས་ཁུལ། གཙོ་གནད་ལྷུ་ཚིག་གི་ཁུངས་སྣེ་བདའ་འདེད་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏོང་བ་དང་། ཞིང་དུད་འབྲིང་ཆུང་ལ་སྟབས་བདེ་ཅན་དང་ཧེ་བག་ཅན་གྱི་ཁུངས་སྣེ་བདའ་འདེད་བྱ་ཐབས་བཟུང་དགོས། ཐོན་སྐྱེད་གཉེར་སྐྱོང་གཙོ་གཟུགས་ཁུངས་སྣེ་བདའ་འདེད་ཀྱི་སྒྲིག་ཆས་བཀོད་སྒྲིག་དང་། ཆ་འཕྲིན་འཚོལ་བསྡུ། མཚོན་རྟགས་བདེ་སྤྱོད་ཁ་གསབ་བྱ་ཤུགས་བཅས་ཆེ་རུ་གཏོང་བ་དང་། ཐོན་སྐྱེད་གཉེར་སྐྱོང་གཙོ་གཟུགས་ཀྱིས་ཁུངས་སྣེ་བདའ་འདེད་ལག་བསྟར་བྱེད་པའི་ཧུར་སེམས་ཆེ་རུ་གཏོང་དགོས། གྲངས་གཞི་ཆེན་མོ་དང་ས་ཁོངས་སྦྲེལ་ཐག་སོགས་དེང་རབས་ཆ་འཕྲིན་ལག་རྩལ་བེད་སྤྱོད་གང་ལེགས་བྱས་ཏེ། བློ་གྲོས་ལྡན་པའི་ལྟ་སྐུལ་ནུས་པ་ཆེ་རུ་གཏོང་བ་དང་། ཞིང་ལས་ཐོན་རྫས་སྤུས་ཚད་བདེ་འཇགས་ཀྱི་གྲངས་གཞི་མཉམ་སྤྱོད་ཐུབ་རྒྱུར་སྐུལ་འདེད་གཏོང་བ། གཅིག་གྱུར་སྒོ་དབྱེ་དང་མཉམ་སྤྱོད། ཚང་མ་ཞིབ་བཤེར་ཐུབ་པ། ཚང་མ་ཤན་འབྱེད་ཐུབ་པའི་ཁུངས་སྣེ་བདའ་འདེད་དོ་དམ་གྱི་ཆ་འཕྲིན་སྟེགས་བུ་སྔ་ཙམ་འཛུགས་དགོས། འབྲེལ་ཡོད་བཅའ་ཁྲིམས་སྲིད་ཇུས་དྲིལ་བསྒྲགས་རྒྱ་ཁྱབ་བྱེད་པ་དང་། ཁུངས་སྣེ་བདའ་འདེད་ཀྱི་ཤེས་བྱ་ཁྱབ་གདལ་གཏོང་བ། ཁུངས་སྣེ་བདའ་འདེད་ཀྱི་འདུ་ཤེས་བརྒྱུད་བསྒྲགས་བཅས་བྱས་ཏེ། སྤྱི་ཚོགས་ཡོངས་ཀྱིས་ཁུངས་སྣེ་བདའ་འདེད་ལ་སེམས་ཁུར་དང་ཁུངས་སྣེ་བདའ་འདེད་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་པ་བྱེད་དགོས་པའི་གྲོས་འགོ་བཏོན་ཡོད་པ་རེད།

  གྲོས་གཞི་སྒྲུབ་གཉེར་ཚན་པའི་ཞིང་ལས་གྲོང་གསེབ་པུའུ་དང་ནོར་སྲིད་པུའུ། ཚོང་དོན་པུའུ། ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུད་སོགས་ཀྱི་འགན་འཁུར་བློ་མཐུན་ནས་སྤེལ་རེས་གནང་སྟེ། ཨུ་ཡོན་ཚོས་བཏོན་གནང་བའི་གནད་དོན་དང་གྲོས་འགོར་ལན་བསྐྱོན་ཡོད་པ་རེད།

  ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

  ཡིག་སྒྱུར། མཚམས་གཅོད།