རྒྱལ་ཁབ་མང་པོའི་རིགས་གཅིག་མཁས་པས་ཀྲུང་གོས་སྤེལ་བའི་ཀྲུང་གོའི་ཉིང་རྡུལ་བདེ་འཇགས་ཐད་ཀྱི་རྒྱབ་ཤ་དཀར་པོའི་དེབ་ལ་གདེང་འཇོག་མཐོ་པོ་གནང་བ།
སྤེལ་བའི་དུས་ཚོད། : 2019-09-07 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་ཉིན་ཤས་གོང་ཀྲུང་གོའི་ཉིང་རྡུལ་བདེ་འཇགས་ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ཅིག་བཀྲམ་ནས། ཀྲུང་གོའི་ཉིང་རྡུལ་བདེ་འཇགས་བྱ་གཞག་གི་གོང་འཕེལ་འཕེལ་རིམ་ཁྱོན་ཡོངས་ནས་ངོ་སྤྲོད་དང་། ཀྲུང་གོའི་ཉིང་རྡུལ་བདེ་འཇགས་ཀྱི་གཞི་རྩའི་རྩ་དོན་དང་སྲིད་ཇུས་འདོད་ཚུལ་རྒྱས་བཤད། ཀྲུང་གོའི་ཉིང་རྡུལ་བདེ་འཇགས་ལྟ་སྡོམ་གྱི་འདུ་ཤེས་དང་ལག་ལེན་བཅས་མཉམ་སྤྱོད་བྱས་ཡོད་པ་རེད། དེ་ནི་ཀྲུང་གོ་སྲིད་གཞུང་གིས་སྤེལ་བའི་ཉིང་རྡུལ་བདེ་འཇགས་ཐད་ཀྱི་རྒྱབ་ཤ་དཀར་པོའི་དེབ་ཐོག་མ་དེ་རེད།

རྒྱབ་ཤ་དཀར་པོའི་དེབ་དེའི་སྐོར་ལ། རྒྱལ་ཁབ་མང་པོའི་རིགས་གཅིག་མཁས་པས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས། ཀྲུང་གོས་ཉིང་རྡུལ་རྡུལ་བདེ་འཇགས་ཐད་བཏང་བའི་གཏོང་སྒོ་དང་བྱས་པའི་ཁས་ལེན་ལ་གདེང་འཇོག་མཐོ་པོ་གནང་བ་དང་། རྒྱབ་ཤ་དཀར་པོའི་དེབ་བཀྲམ་པ་དེས་ཀྲུང་གོས་རང་ཚུགས་སྒོས་སྒོ་མོ་དབྱེ་བའི་བདེ་འཇགས་ཁྲིམས་སྲོལ་མ་ལག་འཛུགས་བཞིན་ཡོད་པ་དང་། རིགས་པའི་གཞུང་ལུགས་དང་ལག་ལེན་ཐད་ནས་འཛམ་གླིང་གི་ཉིང་རྡུལ་བཟོ་ལས་རྒྱལ་ཁབ་གཞན་པར་ཕན་འདོགས་པའི་ངོས་འཛིན་གནང་འདུག

དབྱིན་ཇིའི་སྦོ་མིང་ཧན་ནུས་རྒྱུ་ཞིབ་འཇུག་ཁང་གི་འགོ་འཛིན་མ་ཏིང•ཕེ་ལེར་གྱིས། ཀྲུང་གོས་ཉིང་རྡུལ་བདེ་འཇགས་ཐད་བྱས་པའི་ཁས་ལེན་དེ་གལ་ཧ་ཅང་ཆེན་པོ་རེད། ཀྲུང་གོས་འབྲེལ་ཡོད་ཐད་གཏོང་སྒོ་མང་པོ་བཏང་ནས་ཉིང་རྡུལ་གློག་ཁང་གི་འཛུགས་སྐྲུན་བདེ་འཇགས་འགན་སྲུང་བྱས་ཡོད། ཀྲུང་གོའི་མིག་སྔའི་ལག་རྩལ་གསར་སྤེལ་དང་། ཉིང་རྡུལ་འབར་རྒྱུ་འཁོར་རྒྱུག་སོགས་གོང་འཕེལ་མྱུར་པོ་འགྲོ་བཞིན་ཡོད། ཆབས་ཅིག་ཀྲུང་གོའི་ལྟ་སྡོམ་ལས་ཁུངས་ཀྱི་སྒོ་དབྱེའི་མིག་རྒྱང་དང་ཉིང་རྡུལ་བདེ་འཇགས་ཐད་འཛིན་པའི་སྒོ་དབྱེའི་རྣམ་འགྱུར་གྱི་ཐོག་ནས། ལོ་མང་རིང་བསགས་པའི་ཉིང་རྡུལ་བདེ་འཇགས་ཀྱི་ལག་ལེན་ཉམས་མྱོང་ཡག་ཤོས་མཉམ་སྤྱོད་བྱས་ཡོད་པས། རྒྱལ་སྤྱིའི་ཁྲོམ་རས་ཀྲུང་གོར་འཛིན་པའི་ཡིད་ཆེས་ཆེ་རུ་ཕྱིན་ཡོད་ཅེས་གསུངས་འདུག

དབྱིན་ཇིའི་ཅན་ཆའོ་སློབ་གྲྭ་ཆེན་མོའི་ཉིང་རྡུལ་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་པ་ཐོ་ཉི•ལུར་སེ་ཐུང་གིས། རྒྱབ་ཤ་དཀར་པོའི་དེབ་སྤེལ་བ་དེ་ཧ་ཅང་གལ་ཆེན་པོ་རེད། དེའི་ཐོག་ནས་ཀྲུང་གོས་རང་ཚུགས་སྒོས་སྒོ་མོ་དབྱེ་བའི་བདེ་འཇགས་ཁྲིམས་སྲོལ་མ་ལག་བསྐྲུན་བཞིན་པ་མངོན་ཡོད། མང་ཚོགས་ནས་ཀྲུང་གོའི་ཉིང་རྡུལ་རྣམ་གྲངས་ལ་ཡིད་ཆེས་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་འགྲོ་བཞིན་ཡོད་པ་དང་། ཉིང་རྡུལ་ནུས་པའི་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་བཏང་ཡོད། རྣམ་གྲངས་ཤིན་ཁེ་ལེ་ཅའོ་cཕུད་ཀྲུང་གོའི་ཁེ་ལས་ཀྱིས་མ་འོངས་པར་དབྱིན་ཇིའི་ཉིང་རྡུལ་རྣམ་གྲངས་གཞན་པའི་འཛུགས་སྐྲུན་ནང་ནུས་པ་ཆེན་པོ་འདོན་པའི་གོ་སྐབས་ཡོད། སྔོན་ཐོན་གྱི་གས་འགྱུར་ཕུང་པོའི་ཐད། རྒྱལ་ཁབ་གཉིས་པོའི་བར་མཉམ་ལས་བྱེད་པའི་གོ་སྐབས་ཀྱང་ཡོད་ཅེས་གསུངས་འདུག

དབྱི་སི་རལ་ནེ་ཀེ་ཧྥུ་པེན—ཀུ་ལི་ཨན་སློབ་གྲྭ་ཆེན་མོའི་བཟོ་སྐྲུན་ཚན་རིག་སློབ་གླིང་ཉིང་རྡུལ་ལས་གྲྭ་པུའུ་ཡི་འགན་འཁུར་བ་དབྱི་ཊ་ཁེ•ཨོ་ལི་ཨོང་གིས། རྒྱབ་ཤ་དཀར་པོའི་དེབ་བཀྲམ་པ་དེའི་ཐོག་ནས་ཀྲུང་གོས་འབྲེལ་ཡོད་ཁྱབ་ཁོངས་ནང་སྒོ་དབྱེ་རྒྱུན་འཁྱོངས་བྱེད་པ་དང་། དེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་ལ་འབྲེལ་ཡོད་ལག་རྩལ་དང་། ཤེས་བྱ། ཉམས་མྱོང་བཅས་མཉམ་སྤྱོད་བྱེད་པའི་རྣམ་འགྱུར་མངོན་ཡོད། རྒྱབ་ཤ་དཀར་པོའི་དེབ་ནང་ཉིང་རྡུལ་བདེ་འཇགས་ཐད་ཀྱི་ཆ་འཕྲིན་དང་གྲོས་འགོ་ཕུན་སུམ་ཚོགས་པོ་མཁོ་འདོན་བྱས་ཡོད་པ་དང་། རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་ཐད་ནས་འཛམ་གླིང་ཉིང་རྡུལ་བཟོ་ལས་རྒྱལ་ཁབ་གཞན་གྱི་ཉིང་རྡུལ་བཟོ་ལས་གོང་འཕེལ་གཏོང་རྒྱུར་ཕན་བཏགས་ཡོད་པའི་ངོས་འཛིན་གནང་འདུག

དབྱི་སི་རལ་ཞི་པོ་ལའེ་སློབ་ཆེན་ཆབ་སྲིད་ཚན་རིག་ཚན་ཁག་གི་ཞིབ་འཇུག་པ་ཡོ་ན་ཐན•ཧྥོ་ལི་མན་གྱིས། ཀྲུང་གོའི་སྲིད་གཞུང་གིས་རྒྱབ་ཤ་དཀར་པོའི་དེབ་དེའི་ནང་ཀྲུང་གོས་ཉིང་རྡུལ་བདེ་འཇགས་ཐད་བརྩི་བཀུར་ཞུ་པའི་རྩ་དོན་དང་། སྲིད་ཇུས། དེ་བཞིན་འབྱུང་འགྱུར་ལ་ཕྱོགས་ནས་སྤྱད་པའི་བྱ་སྤྱོད་འཆར་གཞི་སོགས་བཏོན་ཡོད་པས། དེའི་ཐོག་ནས་ཉེ་བའི་ལོའི་རིང་ཀྲུང་གོར་ཉིང་རྡུལ་བདེ་འཇགས་ཐད་ཐོབ་པའི་གྲུབ་འབྲས་མངོན་ཡོད་ཅེས་གསུངས་ཡོད།

ཧྥོ་ལི་མན་གྱིས། མིག་སྔའི་འཛམ་གླིང་དུ། ཉིང་རྡུལ་བཟོ་ལས་གོང་འཕེལ་གཏོང་བར་ངེས་པར་དུ་རྒྱལ་སྤྱིའི་མཉམ་ལས་དང་སྦྱོང་བརྡར་སྔར་ལས་མང་བ་བྱས་ནས། རྒྱལ་ཁབ་སོ་སོས་སྔོན་འགོག་དང་དོན་རྐྱེན་ལ་ཁ་གཏད་གཅོག་པའི་ཉམས་མྱོང་སྤེལ་རེས་བྱ་རྒྱུར་སྟབས་བདེ་བསྐྲུན་དགོས། དེའི་ཐད། རྒྱབ་ཤ་དཀར་པོའི་དེབ་ཀྱིས་སྐུལ་འདེད་ནུས་པ་ཐོན་པ་ནི་ཐེ་ཚོམ་མི་དགོས་པ་ཞིག་ཡིན་པའི་ངོས་འཛིན་གནང་ཡོད།

ཨུ་རུ་སུའི་ནུས་ཁུངས་དང་བདེ་འཇགས་ལྟེ་གནས་ཀྱི་ཀྲུའུ་རིན་ཨན་ཏུང•ཧེ་ལུ་ཧྥུ་ཁེ་ཧྥུས། ཀྲུང་གོས་འཛམ་གླིང་ཉིང་རྡུལ་གློག་གི་ཁྲོམ་རའི་ཁྲོད་ནུས་པ་འདོན་སྤེལ་ཧུར་ཐག་བྱེད་ཀྱི་ཡོད་པས། ཀྲུང་གོས་འཛམ་གླིང་རྒྱལ་ཁབ་ཁག་དང་ཐུན་མོང་འབད་བརྩོན་བྱེད་པ་དང་། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་བདེ་འཇགས་ཚད་གཞིར་གཞིགས་ནས། མུ་མཐུད་ཉིང་རྡུལ་བདེ་འཇགས་གོང་འཕེལ་གཏོང་སྲིད་ཅེས་བསྟན་ཡོད།

རྒྱ་གར་གྱི་རྒྱལ་སྲུང་ཞིབ་འཇུག་དང་དབྱེ་ཞིབ་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ལ་ཆི་ཧྥུ•ན་ཡང་གིས། རྒྱབ་ཤ་དཀར་པོའི་དེབ་འགྲེམ་སྤེལ་བྱས་པས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཀྲུར་གོར་འཐུས་སྒོ་ཚང་ཞིང་སྔོན་ཐོན་ཡིན་པའི་འབྲེལ་ཡོད་བདེ་འཇགས་ཁྲིམས་སྲོལ་མ་ལག་ཡོད་པས། བདེ་འཇགས་ངང་ཉིང་རྡུལ་ནུས་པ་བེད་སྤྱོད་བྱེད་པའི་གདེང་ཚོད་ཡོད་པ་གསལ་བཤད་བྱས་ཡོད་ཅེས་གསུངས་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། རིན་ཆེན་དབང་འདུས།