ལི་ཁེ་ཆང་གིས་རྒྱལ་ཡོངས་ཀྱི་སྟོན་དུས་དང་དགུན་དུས་ཀྱི་ནགས་ཚལ་རྩྭ་ཐང་མེ་སྐྱོན་འགོག་སེལ་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུའི་ཐོག་མཆན་འགོད་མཛུབ་སྟོན་གལ་ཆེན་གནང་བ།
སྤེལ་བའི་དུས་ཚོད། : 2019-09-07 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། རྒྱལ་ཡོངས་ཀྱི་སྟོན་དུས་དང་དགུན་དུས་ཀྱི་ནགས་ཚལ་རྩྭ་ཐང་མེ་སྐྱོན་འགོག་སེལ་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་དེ་སྤྱི་ཟླ་༩པའི་ཚེས་༦ཉིན་པེ་ཅིན་དུ་སྐོང་འཚོགས་བྱས་ཡོད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་གལ་ཆེའི་མཆན་འགོད་མཛུབ་སྟོན་གནང་ཡོད་པ་རེད།

མཆན་འགོད་མཛུབ་སྟོན་ནང་། ནགས་ཚལ་རྩྭ་ཐང་གི་མེ་སྐྱོན་འགོག་སེལ་ལས་དོན་ནི་གལ་འགངས་ཧ་ཅང་ཆེན་པོ་ཡིན། མིག་སྔར། རྒྱལ་ཡོངས་ཀྱི་ས་ཁུལ་མང་ཆེ་བ་སྔ་ཕྱིར་སྟོན་དུས་དང་དགུན་དུས་ཀྱི་ནགས་ཚལ་རྩྭ་ཐང་གི་མེ་སྐྱོན་སྔོན་འགོག་གི་དུས་མཚམས་སུ་སླེབས་རྒྱུ་རེད། འབྲེལ་ཡོད་སྡེ་ཁག་དང་ས་གནས་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་ཇུས་བཀོད་སྒྲིག་ཁག་ལག་ལེན་དོན་འཁྱོལ་ཧུར་ཐག་བྱས་ཏེ། ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་སྔོན་འགོག་ལས་དོན་སྔར་བས་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་པ་དང་། སྔོན་འགོག་བྱ་རྒྱུ་གཙོ་བོར་འཛིན་པ་དང་། སྔོན་འགོག་དང་མེ་གསོད་ཟུང་འབྲེལ་བྱེད་པ། ནུས་ཆོད་མཐོ་བའི་མེ་གསོད་བྱེད་ཕྱོགས་རྒྱུན་འཁྱོངས་བཅས་བྱས་ཏེ། རིམ་པ་བཞིན་ཕྱོགས་ཁག་གི་འགན་འཁྲི་ནན་འདེད་བྱེད་པ་དང་། ཕྱོགས་བསྡུས་ཀྱི་སྔོན་འགོག་ཚོད་འཛིན་ནུས་པ་ཁྱོན་ཡོངས་ནས་གོང་མཐོར་གཏོང་དགོས། མེ་སྐྱོན་འགོག་སེལ་ཚན་པ་དང་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་སྔར་བས་ལྷག་པ་བརྒྱབ་ནས། མེ་སྐྱོན་འགོག་སེལ་སློབ་གསོ་དང་། མེ་ཁུངས་དོ་དམ་ཚོད་འཛིན། མངོན་མེད་རྐྱེན་ངན་བཅོས་སྒྲིག མེ་ཟོན་སྒྲིས་ཆས་འཛུགས་སྐྲུན་སོགས་ཀྱི་རྨང་གཞིའི་ལས་དོན་ཁག་ཏན་ཏིག་ངང་བསྒྲུབ་སྟེ། ལྟ་ཞིབ་ཚད་ལེན་སྔོན་བརྡ་གཏོང་རྒྱུར་ཤུགས་སྣོན་དང་། འཕྲལ་སྒྲུབ་རོགས་སྐྱོབ་མ་ལག་འཐུས་ཚང་འཛུགས་པ། བདེ་འཇགས་སྲུང་ར་བརྟན་པོ་འཛུགས་པ་སོགས་བྱེད་དགོས། བཀོད་འདོམས་མ་ལག་དང་མཐུན་སྦྱོར་སྒྲིག་གཞི་འཐུས་སྒོ་ཚང་དུ་བཏང་ནས། ཚན་རིག་དང་མཐུན་པའི་བཀོད་འདོམས་ལ་ཤུགས་སྣོན་དང་། སྟོབས་ཤུགས་བཀོད་སྒྲིག་ལེགས་སྒྱུར་བྱེད་པ། སྔ་ཙམ་ནས་སྤེལ་རྒྱུ་དང་། ཆུང་ས་ནས་སེལ་རྒྱུ། ཉེན་ཁ་མེད་པ་བཟོ་རྒྱུ་བཅས་རྒྱུན་འཁྱོངས་བྱེད་པ། ཚབས་ཧ་ཅང་ཆེ་བའི་ནགས་ཚལ་རྩྭ་ཐང་མེ་སྐྱོན་ཐོན་རྒྱུ་འགོག་སྲུང་མཐའ་གཅིག་ཏུ་བྱས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་དང་རྒྱལ་ཁབ་ཀྱི་འབྱུང་ཁམས་བདེ་འཇགས་ལ་ནུས་ཡོད་དང་ཕན་འབྲས་ལྡན་པའི་སྲུང་སྐྱོང་བྱེད་དགོས་ཞེས་བསྟན་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། རིན་ཆེན་དབང་འདུས།