ཀྲའོ་ལེ་ཅིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་གི་རེས་སྐོར་བཞི་པའི་སྐོར་གཟིགས་ལས་དོན་སྐུལ་སློང་བཀོད་སྒྲིག་གྲོས་ཚོགས་ནང་ཞུགས་པ།
སྤེལ་བའི་དུས་ཚོད། : 2019-09-07 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྐོར་གཟིགས་ལས་དོན་འགོ་ཁྲིད་ཚོ་ཆུང་གི་ཙུའུ་ཀྲང་ཀྲའོ་ལེ་ཅི་སྤྱི་ཚེས་༦ཉིན་ སྐབས་བཅུ་དགུ་པའི་ཀྲུང་དབྱང་གི་རེས་སྐོར་བཞི་པའི་སྐོར་གཟིགས་ལས་དོན་སྐུལ་སློང་བཀོད་སྒྲིག་གྲོས་ཚོགས་ནང་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་ཡོད། གྲོས་ཚོགས་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐོར་གཟིགས་ལས་དོན་ཐད་གནང་བའི་གལ་ཆེའི་མཛུབ་སྟོན་དགོངས་པ་བརྒྱུད་བསྒྲགས་སློབ་སྦྱོང་བྱས་ནས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་རྩ་འཛུགས་སུ་གཅིག་སྡུད་སྐོར་གཟིགས་ལས་དོན་སྒྲིག་འཛུགས་བྱ་རྒྱུ་བཀོད་སྒྲིག་བྱས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་རྒྱུན་མཐུད་སློབ་སྦྱོང་གཏིང་ཟབ་བྱེད་རྒྱུ་དང་། ཆབ་སྲིད་སྐོར་གཟིགས་ཀྱི་འགན་ནུས་གནས་བབ་བརྟན་སྲུང་བྱེད་པ། སྐོར་གཟིགས་ལས་དོན་གྱི་བྱེད་ཕྱོགས་སྲིད་ཇུས་རྒྱུན་འཁྱོངས་བྱེད་པ། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། འཐབ་རྩོད་ཀྱི་འཇོན་ནུས་ཆེ་རུ་གཏོང་བ། གནད་དོན་ཤེས་རྟོགས་བྱེད་ཕོད་པ། གནད་དོན་ཤེས་རྟོགས་བྱེད་མཁས་པ། གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་བ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འདུ་ཤེས་བཞི་ཤུགས་ཆེར་དང་། བློ་སྤོབས་བཞི་བརྟན་པོ་འཛུགས་པ། སྲུང་སྐྱོང་གཉིས་ཐུབ་པ་བཅས་བྱེད་དགོས་རྒྱུའི་ནན་སྟོན་གནང་བ་དང་།

ཀྲའོ་ལེ་ཅིས། ཆབ་སྲིད་སྐོར་གཟིགས་ཀྱི་ནང་དོན་དང་བླང་བྱ་ཁོང་དུ་ཡང་དག་ཆུད་པ་བྱེད་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་མངོན་སུམ་ངང་ཤུགས་སྣོན་རྒྱག་རྒྱུར་སྐུལ་འདེད་དང་། ཏང་དང་རྒྱལ་ཁབ་ཀྱིས་སྤྲད་པའི་འགན་འཁྲི་དོན་འཁྱོལ་ནན་ཏན་བྱས་ནས། སྐོར་གཟིགས་ལས་དོན་ཡང་དག་པའི་ཁ་ཕྱོགས་ཐོག་སྐུལ་འདེད་གཏིང་ཟབ་ཐུབ་རྒྱུ་འགན་ལེན་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་པར་གཞིགས་པ་དང་། སྐོར་གཟིགས་ཚན་པའི་གཏན་འཁེལ་གསུམ་གྱི་གཏན་འབེབས་ལ་གཞིགས་ནས། ཏང་གི་མཛད་ཕྱོགས་སྲིད་ཇུས་དང་ཏང་ཀྲུང་དབྱང་གི་བཀོད་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་པའི་གནས་ཚུལ་དང་། ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འཐབ་ཇུས་བཀོད་སྒྲིག་གནས་ཚུལ། དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་དོན་འཁྱོལ་གནས་ཚུལ། སྐོར་གཟིགས་དང་། རྩིས་བཤེར། བརྗོད་དོན་གཙོ་བོའི་སློབ་གསོ་བཅོས་སྒྲིག་དོན་འཁྱོལ་གནས་ཚུལ་བཅས་ལ་གཙོ་གནད་ཐོག་ལྟ་སྐུལ་ཞིབ་བཤེར་བྱེད་དགོས་ཞེས་བསྟན་གནང་ཡོད།

ཀྲའོ་ལེ་ཅིས། སྐོར་གཟིགས་བྱ་རྒྱུ་དེ། ཉིན་རེའི་ལྟ་སྐུལ་ལ་དམ་འཛིན་ལེགས་པོ་བྱེད་པ་དང་། རུལ་སུངས་ལ་ཆད་པ་གཅོད་པའི་མཐོ་གནོན་རྣམ་པ་རྒྱུན་འཁྱོངས། བསྒྱུར་བཅོས་གཏིང་ཟབ་དང་ལམ་ལུགས་འཐུས་ཚང་འཛུགས་པ། དེ་བཞིན་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་བ་དང་ཐོག་མའི་འགན་འཁྲི་སྐུལ་འདེད་དང་ལག་བསྟར་བྱ་རྒྱུ་བཅས་དང་ཟུང་འབྲེལ་བྱེད་པ་དང་། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་རུང་བ། རུངས་སུངས་བྱེད་མི་འདོད་པ་བཅས་གཞི་གཅིག་གི་ནང་དུ་བཅུག་ནས་ལས་རྣམ་དང་མཉམ་འདྲེས་བྱེད་དགོས། སྐོར་གཟིགས་བྱ་ཡུལ་ཏང་རྩ་འཛུགས་ཀྱི་ལས་དོན་སྤེལ་ཚུལ་ལ་དམ་པོར་གཞིགས་ནས། སྐོར་གཟིགས་ལྟ་སྐུལ་དང་། སྒྲིག་ཁྲིམས་ལྟ་སྐུལ། ལྟ་བཤེར་ལྟ་སྐུལ། མངགས་སྡོད་ལྟ་སྐུལ། རྩིས་བཤེར་ལྟ་སྐུལ། མང་ཚོགས་ལྟ་སྐུལ་སོགས་དང་མཉམ་འདྲེས་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས། སྐོར་གཟིགས་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་དང་། སྐོར་གཟིགས་ཀྱི་ཡིད་རྟོན་ནུས་པར་སྲུང་སྐྱོང་བྱེད་དགོས་ཞེས་ནན་གསུང་གནང་ཡོད།

ཡང་ཞའོ་ཏུའུ་ཡིས་གྲོས་ཚོགས་གཙོ་སྐྱོང་གནང་བ་དང་། གྲེན་ཞི་ཡིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་གི་རེས་སྐོར་བཞི་པའི་སྐོར་གཟིགས་ཙུའུ་ཀྲང་གི་ལས་གནས་དབང་བསྐུར་དང་དེའི་ལས་བགོས་གཏན་འབེབས་གནས་ཚུལ་ཁྱབ་བསྒྲགས་གནང་ཡོད།

སྐབས་བཅུ་དགུ་པའི་ཀྲུང་དབྱང་གི་རེས་སྐོར་བཞི་པའི་སྐོར་གཟིགས་སྐུལ་སློང་བཀོད་སྒྲིག་ཚོགས་འདུའི་ཐོག ད་དུང་ཀྲུང་དབྱང་གི་སྐོར་གཟིགས་ཚོ་ཆུང་༡༥ཡིས་ད་ཐེངས་སྐོར་གཟིགས་བྱས་པའི་ཀྲུང་དབྱང་དང་རྒྱལ་ཁབ་ཚན་པའི་ལས་ཁུངས་༣༧གྱི་ཏང་རྩ་འཛུགས་ཀྱི་མིང་ཐོ་ཁྱབ་བསྒྲགས་གནང་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། རིན་ཆེན་དབང་འདུས།