ཧན་ཀྲེང་ནས་ཨུ་རུ་སུའི་ཙུང་ལི་གཞོན་པ་དང་མཇལ་མོལ་གནང་བ་མ་ཟད་ཀྲུང་ཨུ་ནུས་ཁུངས་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་༡༦པ་གཙོ་སྐྱོང་གནང་བ།
སྤེལ་བའི་དུས་ཚོད། : 2019-09-07 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་ཨུ་ནུས་ཁུངས་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ཀྲུང་གོའི་ཕྱོགས་ཀྱི་ཀྲུའུ་ཞི་ཧན་ཀྲེང་གིས་སྤྱི་ཚེས་༦ཉིན་མི་དམངས་ཚོགས་ཁང་ཆེན་མོར་ཨུ་རུ་སུའི་ཙུང་ལི་གཞོན་པ། ཨུ་ཡོན་ལྷན་ཁང་ཨུ་རུ་སུའི་ཕྱོགས་ཀྱི་ཀྲུའུ་ཞི་ཁེ་བཀྲ་ཁེ་དང་མཇལ་མོལ་གནང་བ་མ་ཟད། མཉམ་དུ་ཀྲུང་ཨུ་ནུས་ཁུངས་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་༡༦པ་ གཙོ་སྐྱོང་གནང་ཡོད།

ཧན་ཀྲེང་གིས། ད་ལོའི་ཟླ་བ་༦པར་ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་འགོ་གཙོ་སྐུ་ངོ་མ་སྐབས་གཉིས་པའི་ཀྲུང་ཨུ་ནུས་ཁུངས་ཚོང་དོན་གླེང་སྟེགས་ལ་ཞུགས་གནང་བ་དང་། རྒྱལ་ཁབ་གཉིས་པོའི་ནུས་ཁུངས་མཉམ་ལས་ཀྱིས་ད་བར་ནུས་པ་གལ་ཆེན་ཐོན་པར་ཁས་ལེན་གནང་བ། དུས་རབས་གསར་པར་ཀྲུང་ཨུ་ནུས་ཁུངས་མཉམ་ལས་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་རྒྱུའི་འཐབ་ཇུས་ཁ་ཕྱོགས་གསལ་སྟོན་གནང་ཡོད། ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་འགོ་གཙོའི་དབར་གྲོས་མཐུན་བྱུང་བའི་ཐུན་མོང་དགོངས་འཆར་ལག་བསྟར་དོན་འཁྱོལ་ཡག་པོ་བྱ་རྒྱུ་དང་། ཀྲུང་ཨུ་ནུས་ཁུངས་མཉམ་ལས་སྤུས་ཚད་མཐོན་པོས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་བཏང་ནས། དངོས་གཉེར་གྲུབ་འབྲས་དེ་བ་མང་བ་ཐོབ་རྒྱུའི་རེ་བ་ཡོད་ཅེས་གསུངས་གནང་ཡོད་པ་རེད།

ཧན་ཀྲེང་གིས་རྒྱལ་ཁབ་གཉིས་པོའི་ནུས་ཁུངས་མཉམ་ལས་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་རྒྱུའི་ཐད་གྲོས་འགོ་དོན་ཚན་གསུམ་བསྟན་གནང་ཡོད་པ་སྟེ། དེ་ཡང་དང་པོ་ཕྱོགས་གཉིས་པོའི་ཁེ་ལས་ཀྱིས་གཉིས་ཕན་མཉམ་རྒྱལ་དང་། ཚོང་ལས་ཆོག་འཐུས་ཀྱི་རྩ་དོན་ལ་བརྩི་སྲུང་ཞུ་དགོས་པ་དང་། ཀྲུང་ཨུ་མཉམ་ལས་ཀྱི་འཕར་གནས་གསར་པ་ཟམ་མི་ཆད་པར་སྔོག་འདོན་བྱེད་དགོས་པ། འབད་བརྩོན་ཆེན་པོས་ནུས་ཁུངས་ཁྱབ་ཁོངས་ཀྱི་སྟོད་སྨད་བར་གསུམ་གྱི་ཁྱོན་ཡོངས་གཞི་གཅིག་ཅན་གྱི་མཉམ་ལས་མངོན་གྱུར་ཡོང་བ་བྱེད་དགོས། གཉིས་པ་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་གིས་རྒྱལ་ཁབ་གཉིས་པོའི་ནུས་ཁུངས་རྣམ་གྲངས་མཉམ་ལས་ཚོད་འཛིན་བྱས་པའི་སྲིད་ཇུས་རང་བཞིན་དང་། ལམ་ལུགས་རང་བཞིན་གྱི་གནད་དོན་ཐད་བསམ་འཆར་བརྗེ་རེས་བྱས་ཏེ། རྒྱལ་ཁབ་གཉིས་པོའི་ཁེ་ལས་ཀྱིས་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུར་ཚོང་གཉེར་ཁོར་ཡུག་དེ་བས་ཡག་པོ་བསྐྲུན་དགོས། གསུམ་པ་ཕྱོགས་གཉིས་པོའི་སྲིད་གཞུང་དང་ཁེ་ལས་སློབ་གྲྭ་ཞིབ་འཇུག་ལས་ཁུངས་བཅས་ལས་རིགས་ཁག་གིས་མཉམ་དུ་འབད་བརྩོན་བྱས་ཏེ། ཚན་རྩལ་དང་། ཚད་གཞི། ཤེས་ལྡན་མི་སྣ། ཆ་འཕྲིན་སོགས་ཐད་ཀྱི་སྤེལ་རེས་དང་མཉམ་ལས་ཧུར་ཐག་བྱེད་དགོས་པ་བཅས་ཡིན།

ཁེ་བཀྲ་ཁེས། ཨུ་ཀྲུང་ནུས་ཁུངས་ཁྱབ་ཁོངས་ཀྱི་མཉམ་ལས་གྲུབ་འབྲས་ཤིན་ཏུ་ཕུན་སུམ་ཚོགས་པོ་ཡོད་པས། ཨུ་རུ་སུའི་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ། ནུས་ཁུངས་ཁྱབ་ཁོངས་ཚུད་པའི་ཕྱོགས་ཡོངས་མཉམ་ལས་སྔར་བས་ཤུགས་ཆེར་བཏང་ནས། ཨུ་ཀྲུང་དུས་རབས་གསར་པའི་ཁྱོན་ཡོངས་འཐབ་ཇུས་མཉམ་ལས་རོགས་པའི་འབྲེལ་བ་བརྟན་ཐོག་ཡར་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་པ་དང་། ཨུ་རུ་སུའི་ཕྱོགས་ནས་ཀྲུང་གོའི་ཁེ་ལས་ཀྱིས་ཨུ་རུ་སུའི་ནུས་ཁུངས་ཁྲོམ་རར་མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་དགའ་བསུ་ཞུ་རྒྱུ་མ་ཚད། མཉམ་ལས་རྣམ་གྲངས་གལ་ཆེན་ལ་རྒྱབ་སྐྱོར་གང་ཡོད་ཞུ་རྒྱུ་ཡིན་ཞེས་བསྟན་གནང་ཡོད།

གྲོས་ཚོགས་ཀྱིས་རྒྱལ་ཁབ་གཉིས་པོའི་ནུས་ཁུངས་མཉམ་ལས་གྲུབ་འབྲས་ཕྱོགས་བསྡོམས་ལེགས་སྒྲིག་བྱས་པ་མ་ཚད། དུས་མཚམས་རྗེས་མའི་མཉམ་ལས་ཐད་་དགོངས་འཆར་གཅིག་མཐུན་རབ་དང་རིམ་པ་བྱུང་ཡོད། ཕྱོགས་གཉིས་པོས་གྲོས་ཚོགས་ཀྱི་ཐུན་མོང་དགོངས་འཆར་དོན་འཁྱོལ་བྱེད་རྒྱུར་མཉམ་དུ་སྐུལ་འདེད་གཏོང་རྒྱུ་དང་། ལོ་དེའི་ཚུན་གྱི་རྒྱལ་ཁབ་གཉིས་པོའི་ཙུང་ལིའི་འཆར་ཅན་མཇལ་མོལ་ཐེངས་༢༤པའི་གྲ་སྒྲིག་ལས་དོན་ཡག་པོ་སྒྲུབ་རྒྱུར་མོས་མཐུན་བྱུང་ཡོད།

གྲོས་ཚོགས་རྗེས། ཧན་ཀྲེང་དང་ཁེ་བཀྲ་ཁེས་ཀྲུང་ཨུ་ནུས་ཁུངས་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་༡༦པའི་ཚོགས་འདུའི་ནང་དོན་གྱི་ཟིན་ཐོར་མིང་རྟགས་བཀོད་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། ཟླ་བ་གཡུ་སྒྲོན།