ལི་ཀྲན་ཧྲུའུ་ཡིས་ཁག་སོ་སོར་འཇར་མན་གྱི་ཙུང་ལི་དང་ཧང་ཀ་རིའི་རྒྱལ་ཚོགས་ཀྱི་རྒྱུན་ཨུད་ཀྲུའུ་ཞི་གཞོན་པ་དང་མཇལ་འཛོམས་གནང་བ།
སྤེལ་བའི་དུས་ཚོད། : 2019-09-07 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་སྤྱི་ཚེས་6ཉིན་མི་དམངས་ཚོགས་ཁང་ཆེན་མོར་ཁག་སོ་སོར་འཇར་མན་གྱི་ཙུང་ལི་མོ་ཁེར་དང་ཧང་ཀ་རིའི་རྒྱལ་ཚོགས་ཀྱི་རྒྱུན་ཨུད་ཀྲུའུ་ཞི་གཞོན་པ་མ་ཐེ་ལའོ་དབྱི་དང་མཇལ་འཛོམས་གནང་ཡོད་པ་རེད།

འཇར་མན་གྱི་ཙུང་ལི་མོ་ཁེར་དང་མཇལ་འཛོམས་གནང་སྐབས། ལི་ཀྲན་ཧྲུའུ་ཡིས། ད་ཐེངས་ནི་ཙུང་ལི་མཁྱེན་ལྡན་མས་འགན་གནས་བཞེས་ཚུན་ཀྲུང་གོར་འཚམས་འདྲི་གནང་ཐེངས་12པ་དེ་ཡིན་པས། དེའི་ཐོག་ནས་ཁྱེད་རང་གིས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་གོང་འཕེལ་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་གནང་བ་གང་ལེགས་མཚོན་ཐུབ། འཇར་མན་ནི་ཡོ་རོབ་ཏུ་ཡོད་པའི་ཀྲུང་གོའི་མཉམ་ལས་རོགས་པ་གལ་ཆེན་ཡིན་པ་དང་། ཀྲུང་འཇར་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱིས་རྒྱལ་ཁབ་གཉིས་པོའི་ཁེ་ལས་དང་མང་ཚོགས་ལ་མིག་མཐོང་ལག་ཟིན་གྱི་ཕན་པ་དངོས་ཐོབ་ཡོད། ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱིས་ཁྲིམས་འཛུགས་བརྒྱུད་ཚོང་གཉེར་ཁོར་ཡུག་བསྐྲུན་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ད་ལོ་གྲོས་འཆམ་བྱུང་བའི་ཕྱི་རྒྱལ་ཚོང་པའི་མ་འཇོག་བཅའ་ཁྲིམས་ཀྱིས་ སྔར་ལས་ལྷག་པའི་ངང་ཕྱི་རྒྱལ་གྱི་ཁེ་ལས་ནས་ཀྲུང་གོར་གོང་འཕེལ་གཏོང་རྒྱུར་ཁྲིམས་སྐྱོང་འགན་སྲུང་ནུས་ལྡན་ཐུབ་ཡོད། འཇར་མན་ཕྱོགས་ཀྱིས་མ་འཇོག་ཞིབ་བཤེར་དང་ཁྲོམ་རའི་ཆོག་འཐུས་སོགས་ཀྱི་ཐད་ཀྲུང་གོའི་ཁེ་ལས་ལ་གཞུང་དྲང་གི་ཐོབ་ཐང་སྤྲོད་རྒྱུའི་རེ་བ་ཡོད། ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱིས་འཇར་མན་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཚོགས་ཁང་བར་བང་རིམ་ཁག་གི་འགྲོ་འོང་ལ་ཤུགས་སྣོན་རྒྱག་འདོད་ཡོད་ལ། ཕན་ཚུན་ཤེས་རྟོགས་དང་མཉམ་ལས་གཏིང་ཟབ་ཏུ་གཏོང་འདོད་ཀྱང་ཡོད་ཅེས་གསུངས་ཡོད་པ་རེད།

ཧང་ཀ་རིའི་རྒྱལ་ཚོགས་ཀྱི་རྒྱུན་ཨུད་ཀྲུའུ་ཞི་གཞོན་པ་མ་ཐེ་ལའོ་དབྱི་དང་མཇལ་འཛོམས་གནང་སྐབས། ལི་ཀྲན་ཧྲུའུ་ཡིས། སྤྱི་ལོ་2017ལོར་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ལི་ཨུར་པན་གྱིས་ཐུན་མོང་ཐོག་ཀྲུང་གོ་དང་ཧང་ཀ་རིའི་བར་ཁྱོན་ཡོངས་འཐབ་ཇུས་རོགས་པའི་འབྲེལ་བ་བཙུགས་ཚུན། རྒྱལ་ཁབ་གཉིས་པོའི་འབྲེལ་བ་ལོ་རྒྱུས་ཀྱི་དུས་མཚམས་ཡག་ཤོས་སུ་སླེབས་ཡོད་པ་དང་། ཕྱོགས་གཉིས་པོ་ནི་དཔལ་འབྱོར་ཉོ་ཚོང་དང་མ་འཇོག་མཉམ་ལས། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན། ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་མཉམ་ལས་བཅས་ཀྱི་རོགས་པ་གལ་ཆེན་ལ་གྱུར་ཡོད། ད་ལོ་ནི་ཀྲུང་གོ་དང་ཧང་ཀ་རིའི་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་70འཁོར་བའི་ལོ་ཡིན། ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱིས་ཧང་ཀ་རིའི་རྒྱལ་ཚོགས་བར་བང་རིམ་མང་བ་དང་ཐབས་ལམ་མང་བ། རྣམ་པ་མང་བ་བཅས་ཀྱི་སྤེལ་རེས་མཉམ་ལས་བྱེད་པ་དང་། ཕྱོགས་མང་གྲོས་ཚོགས་སྒྲིག་འཛུགས་ཁྲོད་འབྲེལ་གཏུག་དང་མཐུན་སྦྱོར་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ཁྲིམས་འཛུགས་ལས་ཁུངས་ཀྱི་བཟང་ཆ་འདོན་སྤེལ་གང་ལེགས་བྱེད་པ་བཅས་བྱས་ནས། ཁྲིམས་ལུགས་ཀྱི་བང་རིམ་ནང་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་མཛའ་གྲོགས་མཉམ་ལས་ལ་འགན་སྲུང་དང་རྒྱབ་སྐྱོར་བྱེད་འདོད་ཡོད་ལ། ཕྱོགས་གཉིས་འབྲེལ་བ་སྔར་བས་གོང་འཕེའ་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཀྱང་ཡོད་ཅེས་གསུངས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། སྐལ་བཟང་བདེ་སྐྱིད།