ཝང་ཡང་གིས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞིའི་གྲོས་ཚོགས་ཐེངས་ཉི་ཤུ་རྩ་དྲུག་པ་གཙོ་སྐྱོང་གནང་བ།
སྤེལ་བའི་དུས་ཚོད། : 2019-09-07 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་གྲོས་ཚོགས་ཐེངས་ཉི་ཤུ་རྩ་དྲུག་པ་དེ་སྤྱི་ཚེས་6ཉིན་པེ་ཅིང་དུ་འཚོགས་ཡོད་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཡང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་ཀྱང་གནང་ཡོད་པ་རེད།

གྲོས་ཚོགས་ཐོག་ཉེ་དུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་གཏོང་རྒྱུའི་སྐོར་ལ་གནང་བའི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་གནང་ཡོད་པ་རེད། ཝང་ཡང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་ཀྱིས་དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་གོང་འཕེལ་ལ་སྐུལ་འདེད་དང་ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱ་རྒྱུའི་ཐད་སྔར་ལས་ལྷག་པའི་ངང་ཁ་ཕྱོགས་གསལ་བཏོན་གནང་ཡོད་པ་དང་། བླང་བྱ་གསར་པ་བཏོན་ཡོད་ཅིང་། ལས་འགན་ཁ་གསལ་བཟོས་ཡོད་པས། ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་དགོས་པའི་ནན་སྟོན་གནང་ཡོད་པ་རེད།

གྲོས་ཚོགས་ཐོག་མི་དམངས་སྲིད་གྲོས་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་འབྲེལ་ཡོད་བྱེད་སྒོའི་གྲ་སྒྲིག་སྒྲིག་འཛུགས་གནས་ཚུལ་གྱི་སྙན་ཞུ་གསན་ཡོད་པ་དང་། རྒྱལ་ཡོངས་སྲིད་གྲོས་དབུ་བརྙེས་ནས་ལོ་ངོ་70སོང་རིང་ཤུགས་རྐྱེན་གལ་ཆེན་ལྡན་པའི་གྲོས་གཞིའི་མཚན་བྱང་ལ་གྲོས་ཞིབ་གནང་ནས་གྲོས་འཆམ་བྱུང་ཡོད་པ་རེད། ཝང་ཡང་གིས། མི་དམངས་སྲིད་གྲོས་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་རབ་དང་རིམ་པ་སྒྲིག་འཛུགས་བྱས་ནས་སྤེལ་དགོས་པ་དང་། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་དམ་འཛིན་བྱས་ནས་གྲོས་ཚོགས་ཀྱི་བྱེད་སྒོའི་གྲ་སྒྲིག་སྒྲིག་འཛུགས་ཡག་པོ་བྱེད་པ་དང་། ཀྲུང་དབྱང་གི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་ཡག་པོ་བྱས་ནས་རྟེན་འབྲེལ་བྱེད་སྒོའི་དྲིལ་བསྒྲགས་གནས་ཚུལ་འགོད་སྤེལ་ཡག་པོ་བྱེད་པ། སྔར་བས་དམ་འཛིན་གྱི་ལས་དོན་སྤེལ་ཚུལ་དང་། སྔར་བས་དོན་དངོས་ཀྱི་ལས་ཀའི་སྤྱོད་ཚུལ། སྔར་བས་ཞིབ་ཚགས་ཀྱི་ལས་ཀའི་བྱེད་ཐབས་བཅས་ཀྱི་ཐོག་ནས་ལས་འགན་ཁག་ལེགས་གྲུབ་ཡག་པོ་བྱེད་དགོས་པ། མི་དམངས་སྲིད་གྲོས་དབུ་བརྙེས་ནས་ལོ་ངོ་70འཁོར་བར་བསུ་བ་ཡག་པོ་ཞུ་དགོས་ཤིང་། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་ཆེད་རྣམ་པ་བཟང་པོ་ཞིག་གཏོད་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།

གྲོས་ཚོགས་ཐོག་མཉམ་སྡེབ་སློབ་སྦྱོང་གནང་ཡོད་པ་དང་། ཀྲུང་དབྱང་དྲ་སྦྲེལ་ཆ་འཕྲིན་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་བློ་མཐུན་ལིའུ་ལེ་ཧུང་གིས་གདན་ཞུས་ལྟར་མིག་སྔའི་དྲ་སྦྲེལ་བདེ་འཇགས་གནས་ཚུལ་དང་ཁ་གཏད་གཅོག་ཐབས་ཞེས་པའི་ཟུར་ཁྲིད་སྙན་ཞུ་གནང་ཡོད་པ་རེད།

ཝང་ཡང་གིས། མཉམ་སྦྲེལ་དྲ་རྒྱ་སྤྱད་པ་ནི་དུས་རབས་ཀྱི་འཕེལ་ཕྱོགས་ཆེན་པོ་ཡིན་ལ། མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཡང་ཡིན། ན་ནིང་ནས་བཟུང་། རྒྱལ་ཡོངས་སྲིད་གྲོས་ཀྱིས་ཨུ་ཡོན་གྱི་སྒུལ་བདེའི་འགན་སྒྲུབ་སྟེགས་བུ་བཟོས་ནས། དྲ་བའི་ཐོག་སྲིད་གྲོས་དང་རྒྱང་ཚོར་གྲོས་མོལ་གྱི་བྱེད་སྒོ་ཧུར་ཐག་སྤེལ་བ་དང་། མཉམ་སྦྲེལ་དྲ་རྒྱའི་བཟང་ཆ་བེད་སྤྱད་ནས་གྲོས་མོལ་བྱེད་ཐབས་གསར་གཏོད་བྱས་ཡོད་ཅིང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་2000ཙམ་གྱིས་སྒུལ་བདེའི་འགན་སྒྲུབ་སྟེགས་བུའི་ཐོག་བསམ་འཆར་དང་གྲོས་འགོ་ཁག་12000སྤེལ་ཡོད་པ་དང་། དྲ་བའི་ཐོག་གི་གྲོས་མོལ་དམངས་གཙོ་གྲུབ་ཡོད་པས་ཕན་འབྲས་བཟང་པོ་ཐོབ་ཡོད། མུ་མཐུད་ནས་འཚོལ་ཞིབ་གསར་གཏོད་བྱས་ཏེ། དྲ་བའི་བདེ་འཇགས་ཡག་པོ་སྲུང་བ་དང་ཆབས་ཅིག ཤེས་རབ་ལྡན་པའི་སྲིད་གྲོས་དང་། གྲངས་གཞིའི་སྲིད་གྲོས། དྲ་ཐོག་སྲིད་གྲོས་བཅས་བཏོད་ནས། ཨུ་ཡོན་རྣམས་ནས་བསམ་བློ་ནམ་ཡང་གཏོང་མཚམས་མི་འཇོག་པ་དང་། ཤེས་རབ་རྟག་ཏུ་བེད་སྤྱོད་བྱེད་པ། འབྲེལ་བ་ནམ་ཡང་མི་ཆད་པ་བཅས་ཀྱིས་དྲ་ཐོག་དང་དངོས་ཡོད་འཚོ་བའི་ནང་ལྟེ་མཐུན་སྒོར་དབྱིབས་ཆགས་པ་བྱེད་དགོས་ཞེས་གསུངས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། སྐལ་བཟང་བདེ་སྐྱིད།