ལི་ཁེ་ཆང་གིས་འཇར་མན་གྱི་ཙུང་ལི་དང་མཇལ་མོལ་གནང་བ།
སྤེལ་བའི་དུས་ཚོད། : 2019-09-07 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་སྤྱི་ཟླ་9པའི་ཚེས6ཉིན་གྱི་སྔ་དྲོ་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲིར་ཕེབས་པའི་འཇར་མན་གྱི་ཙུང་ལི་མོ་ཁེར་དང་མཇལ་མོལ་གནང་བ་རེད།

ལི་ཁེ་ཆང་གིས། འཇར་མན་ནི་ཀྲུང་གོའི་ཆ་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་པ་ཞིག་ཡིན། ཀྲུང་གོས་འཇར་མན་བར་གྱི་འབྲེལ་བར་མཐོང་ཆེན་པོ་བྱེད་ཀྱི་ཡོད། ད་ཐེངས་ཀྱི་འཚམས་འདྲིའི་སྐབས་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཁྱེད་རང་མཇལ་འཕྲད་གནང་རྒྱུ་རེད། མིག་སྔར་འཛམ་གླིང་གི་དཔལ་འབྱོར་ལ་འཕར་ཤུགས་ཆག་པའི་གནོན་ཤུགས་འཕྲད་ཡོད། ཀྲུང་གོ་དང་འཇར་མན་གྱིས་འཐབ་ཇུས་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་ནི་ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བར་ཕན་ཐོགས་ཡོད་པ་མ་ཟད། ད་དུང་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་དང་དར་རྒྱས་ལ་ཡང་ཕན་པ་ཡོད། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཡོ་རོབ་གླིང་ལ་མཐོང་ཆེན་པོ་བྱེད་ཀྱི་ཡོད་ལ། སྐབས་གསར་པའི་ཡོ་རོབ་མནའ་འབྲེལ་ལས་ཁུངས་ཀྱི་འགོ་ཁྲིད་བར་མཉམ་ལས་འབྲེལ་བ་ཡག་པོ་བཙུགས་ནས། ཀྲུང་གོ་དང་ཡོ་རོབ་ཀྱི་མ་འཇོག་ཆོད་ཡིག་གི་དབྱེན་འབྱེད་གྲོས་མོལ་མགྱོགས་ཙམ་བྱེད་ཐུབ་པ་བྱེད་འདོད་ཡོད་ཅེས་གསུངས་འདུག

ལི་ཁེ་ཆང་གིས། ཀྲུང་གོ་དང་འཇར་མན་གྱིས་ཕྱོགས་མང་རིང་ལུགས་དང་རང་མོས་ཉོ་ཚོང་ལ་སྲུང་སྐྱོབ་བྱེད་པ་དང་། སྒོ་དབྱེ་ཁོག་ཡངས་ཀྱི་འདུ་ཤེས་འཛིན་པ། ཕྱོགས་གཉིས་བར་གྱི་སྒོ་དབྱེ་རྒྱ་ཆེར་གཏོང་བ་བཅས་བྱེད་དགོས་ངེས་ཡིན། ཀྲུང་གོས་རང་འགུལ་ཐོག་ཁྲོམ་རའི་སྒོ་མོ་འབྱེད་པའི་ཁ་ཕྱོགས་ལ་འགྱུར་བ་གཏོང་མི་སྲིད་ལ། ཕྱི་རྒྱལ་གྱི་མ་འཇོག་ལ་དགའ་བསུ་ཞུ་བའི་སྲིད་ཇུས་ལ་ཡང་འགྱུར་བ་གཏོང་མི་སྲིད། སླད་ཤེས་བྱའི་ཐོན་དབང་ལ་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན། རེ་བར་འཇར་མན་ཕྱོགས་ནས་ཀྱང་ཁྲོམ་རའི་སྒོ་དབྱེ་རྒྱུན་འཁྱོངས་དང་། དམངས་སྤྱོད་ལག་རྩལ་ཕྱིར་གཏོང་གི་ཚད་བཀག་ལྷུག་གཏོང་བྱས་ནས། ཀྲུང་གོའི་ཁེ་ལས་ལ་འདྲ་མཉམ་དང་གཞུང་དྲང་གི་ཐོབ་ཐང་ཤིག་སྤྲོད་དགོས་པ་དང་། རང་འགུལ་ཁ་སྒྱུར་དང་། ལག་རྩལ་གསར་གཏོད། མི་ཐབས་རིག་ནུས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་ཏུ་གཏོང་བ། གཞོན་ནུ་དང་ལས་རིགས་སློབ་གསོའི་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་བཅས་བྱ་དགོས་ཞེས་གསུངས་འདུག

མོ་ཁེར་གྱིས། ང་རང་འཇར་མན་གྱི་ཙུང་ལིའི་ངོས་ནས་ཀྲུང་གོར་འཚམས་འདྲི་ཐེངས་བཅུ་གཉིས་པ་དེ་ཞུ་རྒྱུ་བྱུང་བར་དགའ་པོ་བྱུང་། ཀྲུང་གོར་གོང་འཕེལ་གྱི་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་ཡོད། སྤྱི་ལོ2008ལོའི་འཛམ་གླིང་དངུལ་རྩའི་ཉམས་ཉེན་ཁྲོད་འགན་འཁུར་བའི་རྣམ་འགྱུར་ཐོག་ནས་གོ་ལ་ཧྲིལ་པོར་ལེགས་སྐྱེས་ཧ་ཅང་ཆེན་པོ་ཕུལ་ཡོད། རྒྱལ་ཁབ་གཞན་པ་དང་འདྲ་བར། ཀྲུང་གོར་ཡང་གོང་སྤེལ་གྱི་དབང་ཆ་ཡོད་པས། ཀྲུང་གོའི་གོང་འཕེལ་གྱི་འཕེལ་རིམ་ལ་བཀག་འགོག་བྱེད་མི་རུང་། ཀྲུང་གོ་དང་འཇར་མན་གྱི་མཉམ་ལས་ཧ་ཅང་རྒྱ་ཆེན་པོ་ཡོད། ཡོ་རོབ་དང་ཀྲུང་གོའི་མ་འཇོག་ཆོད་ཡིག་གི་དབྱེན་འབྱེད་གྲོས་མོལ་དེ་གང་མགྱོགས་བྱེད་ཐུབ་རེ་བྱེད་ཀྱི་ཡོད། དུས་སང་ཀྲུང་གོར་རེ་འཁོར་གསར་པའི་ལྗར་ཀྲུང་སྲིད་གཞུང་གི་གྲོས་བསྡུར་བྱ་རྒྱུར་རེ་སྒུག་བྱེད་བཞིན་ཡོད། འཇར་མན་ནས་ཀྱང་ཀྲུང་གོའི་ཕྱོགས་ནས་དངུལ་རྩ་དང་། འགན་བཅོལ། ཞབས་ཞུའི་ལས་རིགས་སོགས་ཁྱབ་ཁོངས་ཀྱིས་ལག་བསྟར་བྱས་པའི་སྒོ་དབྱེའི་སྲིད་ཇུས་ལ་དགའ་བསུ་ཞུ་རྒྱུ་ཡིན། ཀྲུང་གོའི་ཁེ་ལས་འཇར་མན་དུ་མ་འཇོག་བྱེད་པར་ཡོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ཀྲུང་གོའི་བར་རང་འགུལ་ཁ་སྒྱུར་དང་། གྲངས་གཞི་ཅན། ལས་རིགས་སློབ་གསོ་སོགས་ཁྱབ་ཁོངས་ཀྱི་མཉམ་ལ་ཤུགས་སྣོན་རྒྱག་འདོད་ཡོད་ཅེས་གསུངས་འདུག

མཇལ་མོལ་གྲུབ་རྗེས། ལི་ཁེ་ཆང་དང་མོ་ཁེར་གྱིས་ཕྱོགས་གཉིས་མཉམ་ལས་ཡིག་ཆ་མང་པོར་མིང་རྟགས་བཀོད་པར་དཔང་པོ་གནང་བ་དང་། མཉམ་དུ་གསར་འགོད་པ་དང་མཇལ་འཕྲད་གནང་བ་རེད།

མཇལ་མོལ་མ་གནང་གོང་། ལི་ཁེ་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱི་རོལ་ཐང་ཆེན་དུ་མོ་ཁེར་ལ་དགའ་བསུ་ཞུ་བའི་མཛད་སྒོ་གཉེར་བ་རེད།

ཉིན་དེའི་སྔ་དྲོ་ལི་ཁེ་ཆང་གིས་ཏའེ་ཡུད་ཐའི་རྒྱལ་མགྲོན་ཁང་དུ་མོ་ཁེར་དང་ཞོགས་ཟས་ཚོགས་འདུ་འཚོགས་པ་དང་། རྒྱལ་ཁབ་གཉིས་པོའི་ཙུང་ལིས་ཕྱོགས་གཉིས་འབྲེལ་བ་དང་མཉམ་ལས། རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་སོགས་གྲོས་དོན་མང་པོའི་ཐད་དགོངས་འཆར་བརྗེ་རེས་རྒྱ་ཁྱབ་གནང་བ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། མིག་དམར་རྒྱལ་པོ།